དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • པེ་ཅིང་དགེ་འོས་སློབ་ཆེན་སོགས་ཚན་པ་མང་པོས་མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ལ་ཆེད་དོན་ཞིབ་འཇུག་བྱེད་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  德吉普尺   |     སྤེལ་དུས།  2019-08-01

    པེ་ཅིང་དགེ་འོས་སློབ་ཆེན་གྱིས་སྣེ་འཁྲིད་པ་དང་ཀྲུང་གོ་ཚན་རིག་ཁང་སོགས་ཚན་པ་མང་པོ་མཉམ་ལས་བྱས་ནས་གྲུབ་པའི་མཚོ་བོད་ཚན་རིག་རྟོག་ཞིབ་རུ་ཁག་གིས་ཉིན་ཤས་གོང་པེ་ཅིང་དུ་ཚན་རིག་རྟོག་ཞིབ་རུ་ཁག་རྡོག་ཐོན་གྱི་མཛད་སྒོ་འཚོགས་པ་རེད། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པའི་ནང་དོན་གལ་ཆེན་ཡིན་པའི་ཆ་ནས་ད་ཐེངས་ཚན་རིག་རྟོག་ཞིབ་བྱེད་སྐབས། མཚོ་བོད་ས་མཐོའི་སྣོད་བཅུད་ཁོར་ཡུག་དང་། མིའི་རིགས་ཀྱི་འགུལ་སྐྱོད། གནོད་འཚེའི་ཉེན་ཁ་སོགས་ནང་དོན་མང་པོར་ཆེད་དོན་ཞིབ་འཇུག་བྱེད་རྒྱུ་དང་། དེའི་དམིགས་ཡུལ་ནི་ས་ཁོངས་དེའི་སྣོད་བཅུད་སྲུང་སྐྱོང་དང་དེ་བཞིན་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་ཚན་རིག་དང་མཐུན་པའི་འདེགས་སྐྱོར་བྱ་ཆེད་རེད།

    གསར་འགོད་པར་པེ་ཅིང་དགེ་འོས་སློབ་ཆེན་ས་ཁམས་ཚན་རིག་པུའུ་ནས་ཤེས་རྟོགས་བྱུང་བར། ཚན་རིག་རྟོག་ཞིབ་མི་སྣ་50ལྷག་ཙམ་གྱིས་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ་སོགས་སུ་བསྐྱོད་དེ་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་དང་ཞིབ་འཇུག་བྱེད་རྒྱུ་རེད། ཚན་རིག་རྟོག་ཞིབ་ཀྱི་ནང་དོན་གྲས་སུ། མཚོ་བོད་ས་མཐོའི“མིའི་རིགས་འགུལ་སྐྱོད་ཀྱི་ཤུགས་རྐྱེན་དང་འཚོ་གནས་ཁོར་ཡུག་གི་བདེ་འཇགས་དཔྱད་དཔོག”དང་། “ས་རྒྱུའི་སྤུས་ཚད་འགྱུར་ལྡོག་དང་དེ་བཞིན་དེས་སྣོད་བཅུད་མ་ལག་ལ་ཐེབས་པའི་ཤུགས་རྐྱེན” “སྣོད་བཅུད་བདེ་འཇགས་སྲུང་ཡོལ་ལེགས་བཅོས་མ་ལག” “ཕྱོགས་བསྡུས་གནོད་འཚེའི་ཉེན་ཁར་གདེང་འཇོག་དང་སྔོན་འགོག”“གནམ་གཤིས་སྐོར་གྱི་ཡིག་ཆ་དཀོན་པའི་ས་ཁུལ་དུ་རྟོག་ཞིབ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་ཐབས”སོགས་ཀྱི་བརྗོད་གཞི་མང་པོ་ཚུད་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཚན་རིག་རྟོག་ཞིབ་བྱེད་སྐབས་བྱེད་ཐབས་མང་པོ་བརྒྱུད། མིའི་རིགས་ཀྱི་ཐོན་སྐྱེད་དང་། འཚོ་བ། སྣོད་བཅུད་འགུལ་སྐྱོད་བཅས་ཀྱིས་ས་མཐོའི་མིའི་རིགས་ཀྱི་འཚོ་གནས་ཁོར་ཡུག་ལ་ཤུགས་རྐྱེན་བཟོས་ཚུལ་ལ་བྱེད་ཐབས་མང་པོ་བརྒྱུད་བརྟག་དཔྱད་བྱས་ཏེ། ཁོར་ཡུག་གིས་མིའི་རིགས་ཀྱི་བདེ་ཐང་བདེ་འཇགས་དང་དེ་བཞིན་འགན་སྲུང་ཆུ་ཚད་བཅས་ལ་དཔྱད་དཔོག་བྱེད་རྒྱུ་དང་། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་འོག་ཆུ་དང་། ས། རླུང་བཅས་ཁོར་ཡུག་གི་བར་མཐོངས་འགྱུར་ལྡོག་གི་ཁྱད་ཆོས་དང་ས་མཐོའི་སྣོད་བཅུད་མ་ལག་གི་འགྱུར་ལྡོག་འགྲོ་ཚུལ་ལ་སྔར་བས་ཞིབ་འཇུག་བྱས་ཏེ། ས་མཐོའི་སྣོད་བཅུད་སྲུང་ཡོལ་གྱི་ནུས་པ་དང་དེ་བཞིན་ཐོན་སྲིད་པའི་ཕྱོགས་བསྡུས་ཉེན་ཁ་སོགས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་དཔོག་བྱེད་རྒྱུ་རེད།

    “མིའི་རིགས་འགུལ་སྐྱོད་ཀྱི་ཤུགས་རྐྱེན་དང་འཚོ་གནས་ཁོར་ཡུག་གི་བདེ་འཇགས་དཔྱད་དཔོག”གི་ཆེད་དོན་ཚན་རིག་རྟོག་ཞིབ་རུ་ཁག་གི་རུ་དཔོན་པེ་ཅིང་དགེ་འོས་སློབ་ཆེན་ས་ཁམས་ཚན་རིག་པུའི་ལག་བསྟར་པུའུ་ཀྲང་སུང་ཁྲང་ཆིང་གིས། ད་ཐེངས་མཚོ་བོད་ས་མཐོར་ཆེད་དོན་ཚན་རིག་རྟོག་ཞིབ་བྱེད་སྐབས་ཕྱི་རོལ་གྱི་དཔྱད་གཞི་མང་པོ་རག་ཐབས་བྱེད་རྒྱུ་མ་ཟད། རང་བྱུང་བརྒྱུད་རིམ་དང་མིའི་རིགས་ཀྱི་འགུལ་སྐྱོད་དབར་གྱི་སྐུལ་འདེད་ནུས་པར་དེ་བས་དོ་ཁུར་བྱེད་རྒྱུ་རེད། དེའི་དམིགས་ཡུལ་ནི་ས་ཁོངས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཚན་རིག་དང་མཐུན་པའི་འདེགས་སྐྱོར་བྱ་ཆེད་རེད་ཅེས་བརྗོད་པ་རེད།

    “ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་ཀྱི་ལས་དོན་གྱིས་མཚོ་བོད་ས་མཐོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་། ཁོར་ཡུག་སྲུང་སྐྱོང་། རྒྱུན་མཐུད་འཕེལ་རྒྱས་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་པེ་ཅིང་དགེ་འོས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཀྲོའུ་ཙུའོ་ཡུས་ཀྱིས་བརྗོད་པ་རེད།

    དུས་རབས་20པའི་ལོ་རབས་བདུན་ཅུ་པ་ནས་བཟུང་། རང་རྒྱལ་གྱིས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐོག་མར་བྱས་པ་དང་། སྔ་རྗེས་སུ་ལོ་20ལྷག་ཙམ་བརྒྱུད་ཚན་རིག་དང་མཐུན་པའི་ཡིག་ཆ་འབོར་ཆེན་བསགས་ཡོད། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པ་2017ལོར་འགོ་ཚུགས་ཤིང་། མཚོ་བོད་ས་མཐོའི་ཆུ་དང་། སྣོད་བཅུད། མིའི་རིགས་ཀྱི་འགུལ་སྐྱོད་སོགས་ཁོར་ཡུག་གནད་དོན་ལ་རྟོག་ཞིབ་ཞིབ་འཇུག་བྱས་ཏེ། མཚོ་བོད་ས་མཐོའི་ཁོར་ཡུག་འགྱུར་ལྡོག་གིས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ལ་ཞིབ་འཇུག་བྱས་པ་རེད། པེ་ཅིང་དགེ་འོས་སློབ་ཆེན་ནི་ད་ཐེངས་ཚན་རིག་རྟོག་ཞིབ་ནང་ཞུགས་མཁན་གྱི་ཚན་པ་གཙོ་བོའི་གྲས་ཤིག་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།