འཛིན་བདག་དགེ་རྒན་ནི་འཛིན་གྲྭ་ཐུན་མོང་གི་སྒྲིག་འཛུགས་པ་དང་། སློབ་གསོ་བ། སྣེ་ཁྲིད་པ་སྟེ། སློབ་གྲྭ་ཡོངས་ཀྱི་རམ་འདེགས་པ་དང་རྐང་འཛིན་པ་ཡིན་ལ། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་གསུམ་དབར་གྱི་མཐུན་སྦྱོར་བ་ཡང་ཡིན་པས། སློབ་མའི་ཀུན་སྤྱོད་དང་། ཤེས་རིག གཟུགས་པོ། མཛེས་དཔྱོད། ངལ་རྩོལ་བཅས་ཀྱི་སློབ་གསོ་ཕྱོགས་ཡོངས་ནས་མཐོར་འདེགས་དང་། སློབ་མའི་རང་འགུལ་དང་། རང་བརྩི། རང་སྦྱོང་གི་ནུས་པ་སྐྱེད་སྲིང་སོགས་སློབ་མའི་སེམས་ཁམས་དང་མཐུན་པའི་བྱང་ཚད་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བའི་ལས་འགན་འཁུར་གྱིན་ཡོད། འཛིན་གྲྭ་གང་དེའི་སློབ་མའི་སྤྱོད་ཡོན་དང་འཛིན་གྲྭའི་རྣམ་པ་སོགས་ཐད་ཀར་འཛིན་བདག་དགེ་རྒན་གྱི་བྱ་བར་རག་ལས་ཡོད་པས། ཁོ་མོས་འཛིན་བདག་དགེ་རྒན་གྱིས་སློབ་མར་མཛུབ་སྟོན་བྱེད་ཐབས་སྐོར་གཞུང་ལུགས་ཀྱི་སྤྲོས་པ་དོར་ནས་ཕྲན་ཙམ་གླེང་བར་བྱ།
སློབ་མ་རེ་རེ་ནི་འཛིན་གྲྭའི་གྲུབ་ཆ་རེ་རེ་ཡིན་པས་སློབ་མའི་ཀུན་སྤྱོད་དང་། ཤེས་རིག སེམས་ཁམས། ལུས་རྩལ་སོགས་ཀྱི་སྤུས་ཚད་སྔར་ལས་མཐོ་རུ་འདེགས་པ་དང་རྒྱལ་ཁབ་དང་མི་རིགས་ལ་ཕན་པའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་ནི་འཛིན་བདག་དགེ་རྒན་གྱི་འགན་འཁྲི་ཡིན་ལ། ཁྱད་པར་དུ་རོང་འབྲོག་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་ཞག་སྡོད་སློབ་གྲྭར་མཚོན་ན་འཛིན་བདག་དགེ་རྒན་ནི་ཕྲུ་གུའི་ཕ་མ་ལྟ་བུ་ཡིན་པས། ནམ་ཞག་རྒྱུན་དུ་ཕྲུ་གུའི་བཟའ་བཏུང་དང་འགྲོ་འདུག་སྤྱོད་གསུམ་ལ་ལྟ་སྐྱོང་བྱེད་པའི་འགན་འཁྲི་ཡང་ཡོད། དེའི་ཕྱིར་འཛིན་བདག་དགེ་རྒན་ཞིག་ཡིན་ན་ངེས་པར་དུ་ཉེ་རིང་ཆགས་སྡང་མེད་པ་དང་། བློ་རྒྱ་ཡངས་པ། གཏམ་སྤྱོད་བདེན་ཅིང་དྲང་བ། བབ་ཆགས་སྒམ་ནན། སྒྲིག་ལམ་ལ་གོ་རིམ་ལྡན་པ་བཅས་མདོར་ན་སློབ་གསོའི་བྱ་བར་བློ་སེམས་དཀར་ཞིང་རིག་གནས་ཤེས་བྱའི་རྨང་གཞི་ཡག་པོ་ཞིག་ཡོད་དགོས།
འཛིན་བདག་དགེ་རྒན་གྱིས་སློབ་མའི་སློབ་སྦྱོང་དང་འཚོ་བར་སེམས་ཁུར་བྱས་ཏེ་སློབ་མ་དང་མཉམ་འགྲོ་མཉམ་འདུག་བྱེད་པ་དང་། འཚར་ལོངས་འབྱུང་བཞིན་པའི་སློབ་མ་རྣམས་ཀྱི་སྐྱོན་ཆ་ཡོ་བསྲང་བྱས་ཏེ། ཡང་དག་པའི་ལམ་ལ་འཁྲིད་ཆེད་ངེས་པར་དུ་ཐབས་བརྒྱ་ཇུས་སྟོང་གིས་སློབ་མ་རྣམས་གྲོགས་སུ་བསྟེན་ནས་མཉམ་དུ་རིག་རྩལ་བྱ་འགུལ་སྤེལ་བ་དང་། སྤོ་ལོ་འགྲན་པ། གབ་ཚིག་འགྲན་པ། དེ་མིན་གུང་གསེང་གི་སྐབས་སུ་སློབ་མ་རྣམས་དང་གླེང་མོ་མང་དུ་བྱས་ནས་རྒྱུས་ལོན་ཡང་དག་ཅིག་བྱེད་དགོས་པ་མ་ཟད། རིམ་གྱིས་སློབ་མ་རྣམས་ལ་འཛིན་བདག་དགེ་རྒན་ནི་ཁོ་ཚོའི་དགེ་རྒན་ཡིན་པ་མ་ཟད། ཁོང་ཚོའི་རེ་བ་ཅི་ཡོད་བཏོན་ཆོག་པའི་བློས་ཐུབ་ཀྱི་གྲོགས་པོ་ཡང་ཡིན་པའི་འདུ་ཤེས་འཇགས་སུ་བཅུག་ན། རིམ་བཞིན་སློབ་མ་རྣམས་རང་འགུལ་གྱིས་དགེ་རྒན་དང་འབྲེལ་འདྲིས་མང་དུ་བྱེད་ངེས་པ་མ་ཟད། དེ་བཞིན་ཁོང་ཚོར་རྒྱུས་ལོན་ཡང་ཟབ་མོ་བྱེད་ཐུབ།
འཛིན་བདག་དགེ་རྒན་གྱིས་སློབ་མར་ཕྱོགས་ཡོངས་ཀྱི་བྱང་ཚད་གོང་འཕེལ་དང་ནུས་པ་འདོན་སྤེལ་བྱེད་པའི་གོ་སྐབས་མང་པོ་འདོན་སྤྲོད་བྱས་ཏེ། བརྩེ་སེམས་ཀྱི་འགྱུར་བ་དང་རང་གཤིས་ཀྱི་སྤྲོ་སྣང་ལྟར་འོས་འཚམ་སྒོས་མཛུབ་སྟོན་བྱེད་པ་དང་། འཛིན་བདག་དགེ་རྒན་གྱིས་སློབ་མར་རང་དབང་གི་སྦྱོང་བརྡར་གོ་སྐབས་སྤྲད་ནས། སློབ་མའི་རང་བདག་རང་གཅེས་གྱི་ནུས་པ་སྐྱེད་སྲིང་བྱས་ཏེ་སློབ་མར་རང་གི་བྱ་བ་རང་ལ་ཐག་གཅོད་དུ་འཇུག་དགོས།
སློབ་མ་རེ་རེའི་དགའ་ཕྱོགས་དང་བསམ་ཚུལ་མི་འདྲ་བ་དང་། དགེ་རྒན་ལ་འབྲེལ་འདྲིས་ཟབ་མོ་བྱེད་ཐུབ་མིན་གྱི་རྐྱེན་གྱིས་ཁོང་ཚོའི་སློབ་སྦྱོང་གི་ཆུ་ཚད་ལའང་རབ་འབྲིང་ཐ་གསུམ་གྱི་ཁྱད་པར་ཡོད་མོད། འོན་ཀྱང་འཛིན་བདག་དགེ་རྒན་གྱིས་སློབ་མ་སོ་སོའི་དགའ་ཕྱོགས་ལ་གཞིགས་ཏེ། སློབ་སྦྱོང་ཞན་པའི་སློབ་ཕྲུག་ལ་ལ་གླུ་དབྱངས་ལ་དགའ་བ་དང་། ལ་ལ་རི་མོར་དགའ་བ། ལ་ལ་ཞབས་བྲོར་དགའ་བ་བཅས་ཀྱི་ལེགས་ཆ་བསྟོད་བསྔགས་བྱེད་ཡུལ་དུ་བྱས་ཏེ་སྐུལ་མ་བཏང་ན་ཁོང་ཚོའི་རང་བརྩིའི་བསམ་པ་ཆེ་རུ་གཏོང་བ་དང་། བསམ་བློའི་གོ་རྟོགས་ཇེ་མཐོར་གཏོང་བར་ནུས་པ་ཐོན་ངེས། དེ་ལས་ཁྱད་དུ་འཕགས་པ་ཞིག་ནི་ལ་ལ་ཀུ་རེ་དང་དགོད་གཏམ་ཤོད་པར་ཧ་ཅང་དགའ། དེ་ལས་ཁོས་དཀའ་སྡུག་མང་པོ་ཞིག་རྒྱབ་ཏུ་འཁུར་ཐུབ་པའི་སྙིང་སྟོབས་ཤིག་མངོན་གསལ་དུ་མཚོན་ཐུབ་པས་འཛིན་བདག་དགེ་རྒན་གྱིས་ཡིད་ཆེས་དང་གདེང་འཇོག་གང་ཐུབ་བྱས་ན། སློབ་མའི་སློབ་སྦྱོང་གི་ཆུ་ཚད་རིམ་བཞིན་གོང་མཐོར་འགྲོ་ངེས་རེད།
སློབ་མ་སོ་སོའི་ཁྱིམ་ཚང་དང་ཁོར་ཡུག་གི་གནས་ཚུལ་མི་འདྲ་བས་ཁོང་ཚོའི་སེམས་ཁམས་དང་རང་གཤིས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ཡོད། དེ་བས་འཛིན་བདག་དགེ་རྒན་གྱིས་ཁྱད་ཆོས་མི་འདྲ་བ་དེ་དག་ལ་དམིགས་ནས་སྐབས་བསྟུན་སློབ་ཁྲིད་དམ་སློབ་གསོ་བྱེད་འོས་པ་ལས། རང་དགར་སློབ་མར་སྐྱོན་བརྗོད་དང་གཅར་རྡུང་བྱེད་མི་རུང་། འཛིན་བདག་དགེ་རྒན་རྣམ་པས་སློབ་མ་སྒེར་གྱི་གནད་དོན་ལ་སློབ་ཁང་ངམ་སློབ་ཁྲིད་ཀྱི་ཁྲོད་དུ་སྐྱོན་བརྗོད་དྲག་པོ་མི་བྱེད་པར། གནས་ཚུལ་ལྷིང་འཇགས་རྗེས་གཞི་ནས་གཅིག་པུར་ཁ་བརྡ་སློབ་གསོ་བྱས་ནས་རང་སྐྱོན་ངོས་ཟིན་དུ་འཇུག་དགོས་པ་དང་། སློབ་ཁང་ངམ་ཡང་ན་སློབ་གྲྭའི་སྒྲིག་ལམ་དང་འགལ་རྗེས་དེ་འཕྲལ་རང་སྐྱོན་ངོས་ཟིན་བྱུང་བའི་སློབ་མར་གུ་ཡངས་ཀྱི་བྱ་ཐབས་སྤྱོད་པ་ལས་སྐྱོན་བརྗོད་མ་བྱས་ན་རང་བཀུར་གྱི་བསམ་བློར་གནོད་པ་མི་ཐེབས་པ་མ་ཟད། དགེ་རྒན་ལ་ཡིད་ཆེས་བྱེད་པ་དང་དུས་ཚོད་མང་པོའང་གྲོན་ཆུང་བྱེད་ཐུབ། དེ་ལས་གཞན་ཉེས་པ་ཚབས་ཆེ་ཞིང་ཨུ་ཚུགས་ཆེ་བའི་སློབ་མར་སྐྱོན་བརྗོད་ནན་པོ་བྱས་ཏེ་རང་སྐྱོན་ངོས་འཛིན་ཡག་པོ་བྱེད་དུ་འཇུག་དགོས།
འཛིན་བདག་དགེ་རྒན་གྱིས་སྦྱངས་འབྲས་ཞན་པའི་སློབ་མའི་རང་དམན་བསམ་བློ་འདོར་བ་དང་ཡིད་ཆེས་ཀྱི་བསམ་བློ་འཕེལ་རྒྱུར་སྣང་ཆེན་བྱེད་དགོས། སྦྱངས་འབྲས་ཞན་པའི་སློབ་མ་མང་པོ་ཞིག་གིས་རང་གི་ཕམ་ཁར་སྣང་དོགས་ཅི་ཡང་མེད་པ་ལྟར་བྱེད་མོད། རང་གི་ལྟ་ཚུལ་དང་འདོད་ཚུལ་ལྟར་རེ་བ་འདོན་པའམ་ལན་འདེབས་པའི་སྙིང་སྟོབས་ཞན་པའམ་ལན་འདེབས་མི་ཕོད་པ་དང་། ལན་བཏབ་པར་འགྲིག་མིན་གྱི་དོགས་པ་ཟ་བ། གལ་ཏེ་ནོར་འཛོལ་བྱུང་ན་དགེ་སློབ་ཀྱིས་མཐོང་ཆུང་དང་དམའ་འབེབས། གཤེ་བར་ཞེད་པ་སོགས། དོན་དངོས་སུ་ཁོ་ཚོའི་སེམས་སུ་རང་དམན་གྱི་ཁུར་པོ་ལྕི་བས་རེད། ཁོང་ཚོའི་སློབ་སྦྱོང་གི་བར་ཁྱད་ཀྱང་གཙོ་བོ་ཁོར་ཡུག་དང་འབྲེལ་བ་ཡོད་དེ། དགེ་རྒན་དང་། ཁྱིམ་བདག སློབ་གྲོགས་སོགས་ཀྱི་རྒྱབ་སྐྱོར་དང་སྐུལ་ལྕག་མི་འདང་བ་དང་། ཁོར་ཡུག་བཟང་པོ་ཞིག་གསར་སྐྲུན་མ་བྱས་པ་སོགས་ཀྱི་རྐྱེན་ལས་བྱུང་བ་དང་། དེས་ཁོང་ཚོའི་ནུས་ཤུགས་དང་བརྩེ་སེམས་ལ་སྒུལ་ཤུགས་མེད་པར་གྱུར་གྱི་ཡོད། དེ་བས་དགེ་རྒན་གྱིས་རྒྱུན་གཏན་གྱི་སློབ་ཁྲིད་གོ་རིམ་ཁྲོད་སྦྱངས་འབྲས་ཞན་པའི་སློབ་མས་ལན་འདེབས་ཐུབ་པའི་འདྲི་གཞི་འདོན་པ་དང་ལན་བཏབ་པ་འགྲིག་ན་བསྟོད་བསྔགས་བྱེད་པའམ། ལན་འདེབས་པར་སྐུལ་བ། ལན་བཏབ་པ་ནོར་བ་དང་འཁྲུལ་བ་སོགས་བྱུང་ནའང་མི་མང་གི་སར་གཤེ་གཤེ་མི་གཏོང་བར་ཁ་མཁས་ཚིག་སྙན་གྱིས་སློབ་སྟོན་བྱེད་པ་སོགས་ཀྱི་ཐབས་ཤེས་སྤྱོད་དགོས། དཔེར་ན། སློབ་ཁྲིད་ཀྱི་དངོས་གཞི་ལ་མ་ཞུགས་གོང་ཁོང་ཚོ་དང་མཉམ་དུ་སློབ་ཚན་སྔོན་སྦྱོང་བྱེད་པ་དང་། དཀའ་གནད་འཚོལ་བ། གོ་རིམ་དབྱེ་ཞིབ་བྱེད་པ། སློབ་ཐུན་གྲོལ་རྗེས་དཀའ་གནད་སྐོར་ལ་གཤིབ་བསྡུར་དང་མཇུག་འབྲས་ལ་ལྟ་ཞིབ་བྱེད་པ། དུས་རྒྱུན་ཁོང་ཚོར་རྒྱུགས་མ་བླངས་པའི་སྔོན་དུ་གཙོ་གནད་སྐོར་བསྐྱར་སྦྱོང་བྱེད་ཐབས་སྟོན་པ་བཅས་སློབ་མའི་དངོས་ཡོད་གནས་ཚུལ་ལ་དམིགས་ནས་ཟུར་ཁྲིད་དང་སློབ་སྟོན་བྱས་ན། སྦྱངས་འབྲས་ཧ་ཅང་ཞན་པའི་སློབ་མ་དག་གིས་ཀྱང་རིམ་བཞིན་རང་ལ་འཚམ་པའི་སློབ་སྦྱོང་གི་ཐབས་ཤེས་རྙེད་པ་དང་། སློབ་སྦྱོང་གི་འབྲས་བུའང་མུ་མཐུད་དུ་མཐོར་འདེཌ་ཐུབ་པ་ཡིན། འདི་ལྟར་དོན་དངོས་གཞིར་བཟུང་ནས་སློབ་མའི་བློ་དང་འཚམ་པའི་ཁྲིད་སྟོན་བྱས་ན། རང་དམན་གྱི་འདུ་ཤེས་དོར་ནས་ཡིད་ཆེས་ཀྱི་བསམ་བློ་གསར་འཛུགས་དང་སློབ་སྦྱོང་ཕྱོགས་ཀྱི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་མཐོར་འདེགས་ཐུབ་ངེས་རེད། (བོད་ལྗོངས་ལྷོ་ཁ་ལྷུན་རྩེ་རྫོང་ལྷུན་རྩེ་སློབ་ཆུང་གི་བསོད་ནམས་སྒྲོལ་དཀར)