དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཁྲག་ཤེད་མཐོ་བའི་ནད་སྔོན་འགོག་བྱེད་པར་ཐ་མག་གི་དུ་བར་གཡོལ་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2019-05-19

    ཤིན་ཧྭ་གསར་འགྱུར་ཁང་རོ་མ་ནས་གློག་འཕྲིན་འབྱོར་གསལ། ཧན་གོའི་ཞིབ་འཇུག་མི་སྣས་ཉིན་ཤས་གོང་དབྱི་ཐ་ལིའི་སྨི་ལན་དུ་འཚོགས་པའི་2019ལོའི་ཡོ་རོབ་ཀྱི་སྙིང་བདག་སྐྱོང་གི་ཚོགས་ཆེན་ཐོག་སྙན་ཞུ་ཞིག་སྤེལ་ནས་ཐ་མག་འཐེན་པ་དེས་ཁྲག་ཤེད་མཐོ་བའི་ནད་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་བ་མ་ཟད། ཐ་མག་གི་དུ་བས་ཀྱང་འགྲམ་གྱི་མིར་གནོད་འཚེ་བཟོས་པ་དང་ཆབས་ཅིག སྡོད་ཡུན་ཇི་ཙམ་རིང་བ་དེ་ཙམ་གྱིས་ཉེན་ཁ་ཆེན་པོ་འཕྲད་ཀྱི་ཡོད་ཅེས་འཁོད་ཡོད། ཞིབ་འཇུག་མི་སྣས་མི་རྣམས་ལ་ཐ་མག་གི་དུ་བར་གཡོལ་དགོས་པའི་དྲན་སྐུལ་བྱས་ཡོད།

    ཧན་གོའི་ཁྲེང་ཅུན་ཀོན་སློབ་ཆེན་གྱི་ཞིབ་འཇུག་མི་སྣས་ཐ་མག་མི་འཐེན་མཁན་གྱི་མི་གྲངས་ཁྲི་13ལྷག་ཙམ་ལ་དམིགས་ཏེ་ཞིབ་འཇུག་ཆེན་པོ་བྱས་པའི་ཐོག་ནས་མངོན་པར་གཞིགས་ན། ཐ་མག་གི་དུ་བ་མེད་སར་སྡོད་མཁན་དང་བསྡུར་ན་ཁྱིམ་ཚང་ངམ་ཡང་ན་ལས་དོན་ཁྲོད་ཐ་མག་གི་དུ་བ་ཡོད་སར་སྡོད་མཁན་ལ་ཁྲག་ཤེད་མཐོ་བའི་ནད་ཕོག་པའི་ཉེན་ཁ་13%ཡིས་མཐོ་རུ་འགྲོ་སྲིད་པ་དང་། ལོ་20ཡི་རྗེས་སུ་ཐ་མག་འཐེན་མཁན་དང་མཉམ་དུ་འཚོ་བ་སྐྱེལ་མཁན་ལ་ཁྲག་ཤེད་མཐོ་བའི་ནད་ཕོག་པའི་ཉེན་ཁ་15%ཡིས་མཐོ་བ་ཡོད། ཐ་མག་གི་དུ་བ་ཡོད་སར་ལོ་བཅུ་ཡན་སྡོད་མཁན་ལ་ཁྲག་ཤེད་མཐོ་བའི་ནད་ཕོག་ཚད་17%ཡིས་མཐོ་བ་ཡོད། སྐྱེས་པ་དང་བུད་མེད་ལ་གནོད་འཚེ་ཕོག་ཚད་གཅིག་མཚུངས་ཡིན་པ་རྟོགས་ཡོད།

    ཞིབ་འཇུག་མི་སྣས་དེ་གོང་ཞིབ་འཇུག་ཅིག་གི་ཐོག་ནས་ཐ་མག་མི་འཐེན་མཁན་ཐ་མག་གི་དུ་བ་ཡོད་སར་སྡོད་པ་དེ་དང་ཁྲག་ཤེད་མཐོ་བའི་ནད་ཕོག་པའི་དབར་འབྲེལ་བ་ཡོད་པ་རྟོགས་ཀྱང་ཞིབ་འཇུག་དེ་རིགས་ཀྱི་གཞི་ཁྱོན་རྒྱུན་དུ་ཅུང་ཆུང་བའི་ཁར། བུད་མེད་ཁོ་ན་ཡིན་པ་དང་ཆབས་ཅིག་དྲི་བ་དྲིས་ལན་གྱི་རྣམ་པའི་ཐོག་ནས་བརྟག་དཔྱད་བྱས་པ་ཞིག་རེད། དེ་དང་བསྡུར་ན། ཞིབ་འཇུག་གསར་པའི་གཞི་ཁྱོན་སྔར་བས་ཆེ་བ་དང་ཚོད་ལྟ་དང་ལེན་བྱེད་མཁན་གསུམ་ཆ་གཅིག་ནི་སྐྱེས་པ་དང་ཆ་སྙོམས་ལོ་35ཡིན་པ་དང་སྦྲགས་གཅིན་པའི་བརྟག་དཔྱད་བྱས་ནས་ཚོད་ལྟ་དང་ལེན་བྱེད་མཁན་ནི་དངོས་འབྲེལ་ཐ་མག་མི་འཐེན་མཁན་ཡིན་པ་ར་སྤྲོད་བྱས་ཡོད།

    ཞིབ་འཇུག་མི་སྣས་གོ་ལ་ཧྲིལ་པོར་སྔར་བཞིན་ལྔ་ཆ་གཅིག་ལས་བརྒལ་བའི་ཐ་མག་མི་འཐེན་མཁན་ཐ་མག་གི་དུ་བའི་ཁྲོད་གནས་ཡོད་པས་ཐ་མག་གཏན་འགོག་བྱ་རྒྱུའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བ་ཞིག་རེད། ཁྲག་ཤེད་མཐོ་བའི་ནད་སྔོན་འགོག་བྱེད་པར་ཐ་མག་མི་འཐེན་མཁན་ཚོས་ངེས་པར་དུ་ཐ་མག་གི་དུ་བར་གཡོལ་དགོས་པའི་དྲན་སྐུལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།