སློབ་མའི་སེམས་ཁམས་བདེ་ཐང་གི་གལ་ཆེའི་རང་བཞིན་སྐོར་ཅུང་ཟད་གླེང་བ།
བདེ་ཐང་ནི་ལུས་པོའི་བདེ་ཐང་དང་སེམས་ཁམས་ཀྱི་བདེ་ཐང་ཟུང་དུ་འབྲེལ་བའི་བདག་ཉིད་ཅིག་ལ་གོ་དགོས་ཤིང་། རྣམ་ཀུན་སློབ་མའི་ཟས་སྤྱོད་ལ་དོ་སྣང་དང་ལུས་སྦྱོང་རྒྱུན་འཁྱོངས་ཀྱིས་ལུས་པོའི་བདེ་ཐང་ལ་འཐུས་ཤོར་མ་བྱུང་བའི་རྨང་གཞིའི་ཐོག སློབ་མའི་སེམས་ཁམས་ཀྱི་བདེ་ཐང་དོ་ཁུར་བྱེད་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་ནི་དཔེ་ཁྲིད་མི་སྐྱོང་གི་དགེ་བའི་བཤེས་གཉེན་གྱི་ཚོགས་དང་། རྒྱ་ཆེའི་ཁྱིམ་བདག་རྣམ་པ། སྤྱི་ཚོགས་ཧྲིལ་པོ་བཅས་ཚང་མས་སྣང་ཆུང་བྱ་མི་རུང་བའི་དོན་ཆེན་ཞིག་ལོས་ཡིན། སློབ་མ་རྣམས་བདེ་ཐང་ངང་འཚར་ལོངས་ཡོང་བར། སློབ་གྲྭ་དང་། སྤྱི་ཚོགས། ཁྱིམ་ཚང་ཕྱོགས་ཚང་མས་ཕྱར་བ་གྲུ་འདེགས་ཀྱིས་ནུས་ཤུགས་འདོན་དགོས་ཤིང་། སློབ་མའི་འཚར་ལོངས་ཀྱི་ཁྱད་ཆོས་ལ་ཡང་དག་པའི་ངོས་འཛིན་ཡོད་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་སློབ་མའི་འཚར་ལོངས་ལ་རྒྱུས་ལོན་བྱ་དགོས། ཁྱིམ་ཚང་དང་། སློབ་གྲྭ སྤྱི་ཚོགས་བཅས་ཀྱིས་སློབ་མར་འཚར་ལོངས་ཀྱི་བདེ་ཐང་ཁོར་ཡུག་ཅིག་བསྐྲུན་དགོས།
སློབ་མའི་འཚར་ལོངས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཕྱིར་ལྟ་ཞིག་བྱས་ན། ཟ་ལུགས་འགྲོ་ལུགས་སྡོད་ལུགས་ཚུན་ཆད་གཞན་ལ་བརྟེན་དགོས་པའི་ཆུང་བྱིས་པའི་དུས་ནས། ན་ཚོད་དང་ཤེས་ཚད་གཉིས་ཀའི་ཆ་ནས་བལྟོས་བཅས་ཀྱི་རང་རྐྱ་འཕེར་བའི་དུས་མཚམས་བར། ཁྱིམ་བདག་དང་། རྒན་རབས། དགེ་རྒན་བཅས་ཀྱིས་འདི་བྱེད་དགོས། འདི་མ་བྱེད། དེ་ལྟར་བྱེད་མི་ཉན་ཞེས་ལེགས་ཉེས་བླང་དོར་གྱི་གནས་ལུགས་སྟོན་པའི་ཁ་ཏ་བསླབ་བྱ་སྣ་ཚོགས་བྱེད་མུས་ཡིན་ཞིང་། དེ་ལྟའི་མཛུབ་སྟོན་གྱིས་སློབ་མའི་སེམས་དབུས་སུ་ལེགས་ཉེས་ཡག་བཙོག་གི་རིན་ཐང་ལྟ་བ་ཞིག་གྲུབ་པར་རྐྱེན་གལ་ཆེན་ལ་བརྩི་གི་ཡོད་ལ། ཁོང་ཚོ་མ་འོངས་པར་སྤྱི་ཚོགས་འཚོ་བ་དངོས་ནང་ཟབ་ཞུགས་དུས་སུ་འཇིག་རྟེན་གྱི་བྱ་བ་ཕྲ་རགས་ཀུན་ལ་འཇུག་ལྡོག་གང་འདྲ་བྱེད་པའམ། ཁོང་ཚོའི་མི་ཚེའི་ལྟ་བ་དང་རིན་ཐང་གི་ལྟ་བ་ཇི་འདྲ་ཞིག་གྲུབ་པར་ཤུགས་རྐྱེན་ངེས་ཅན་ཐེབས་ངེས། ཡང་དག་པའི་སེམས་ཁམས་བདེ་ཐང་གི་སློབ་གསོ་དོན་གཉེར་བྱེད་པར། འདི་མ་བྱེད། འདི་ལྟར་གྱིས་ཤིག་ལྟ་བུའི་ལམ་སྟོན་ཁོ་ནས་ཡོང་ཐབས་མེད་ཅིང་། སློབ་མའི་འཚར་ལོངས་ཀྱི་དུས་རིམ་སོ་སོའི་སེམས་ཁམས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པ་བྱས་ནས་དེ་བསྟུན་གྱི་སེམས་ཁམས་བདེ་ཐང་གི་སློབ་གསོ་དང་ཁྲིད་སྟོན་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ།
གཅིག ཆུང་དུས་ནས་གོམས་གཤིས་བཟང་པོ་འཇགས་དགོས་པའི་གལ་ཆེའི་རང་བཞིན།
སློབ་མའི་རྒྱུད་ལ་ཆུང་དུས་ནས་གོམས་གཤིས་བཟང་པོ་ཞིག་འཇགས་རྒྱུར་འབད་བརྩོན་བྱས་ན། ཐོག་མའི་གནས་སྐབས་སུ་དཀའ་ཁག་མི་ཉུང་བ་ཞིག་འཕྲད་སྲིད་མོད། མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱས་ན། གྲུབ་འབྲས་མི་ཐོན་པ་མི་སྲིད་ཅིང་། དེ་བཞིན་གོམས་གཤིས་ངན་པ་ཡང་དེ་ལྟར་ཏེ། རྒྱུན་དུ་ཡོ་བསྲང་མ་བྱས་པར་ལྷོད་གཡེང་བཏང་ན། རྒྱུད་ལ་མེད་ན་བཅོས་པར་དཀའ་ཞེས་པའི་དཔེ་ལྟར་ཡོད་ཚད་གོམས་གཤིས་ངན་པའི་དབང་དུ་འགྲོ་ཉེན་ཆེ། གནད་འགག་དེ་ལྕང་གསར་གཞོན་དུས་འདྲོང་ན་འདྲོང་པ་ཡིན། ལྕང་རྒན་སྲོང་སྲོང་མང་ན་ཆག་པའི་ཉེན་ཞེས་པ་དེ་ལས་ཤེས་ཐུབ།
དེ་ཡང་འཚོ་བའི་གོམས་གཤིས་བཟང་ངན་གྱིས་སེམས་ཁམས་བདེ་ཐང་ལ་ཐད་ཀར་ཤུགས་རྐྱེན་ཐེབས་པ་ཚན་རིག་གིས་ར་སྤྲོད་བྱས་ཟིན། ང་ཚོས་བྱ་བ་ཆུང་ཙག་ནས་འགོ་བཙུགས་ཏེ་གོམས་གཤིས་བཟང་པོ་འཇགས་པའི་རྒྱུ་གསོག་དགོས་ཏེ། དུས་ཐོག་ཏུ་ཉལ་ལངས་དང་། ཟས་སྤྱོད་གཉིས་ལ་འཆར་གཞི་ཡོད་པ། ཉིན་ལྟར་དུས་ཐོག་ཏུ་ལུས་སྦྱོང་ལ་འགྲོ་བ་དང་། ཁ་ཟས་ཚོད་མེད་མི་བསྟེན་པ། རང་ལ་ལེགས་ཉེས་དབྱེ་འབྱེད་ཀྱི་རྣམ་དཔྱོད་མི་ལྡན་པའི་གནས་སྐབས་སུ་ཕ་མ་དང་དགེ་རྒན་གྱི་ཡང་དག་པའི་བསླབ་བྱ་དག་རྣ་རྒྱབ་ཀྱི་རླུང་བུར་མ་བཏང་བར། བདེ་ཐང་སྐྱོན་བྲལ་གྱི་འཚར་ལོངས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། དེ་ལས་ལྡོག་སྟེ་རྒྱུན་དུ་གློག་ཀླད་དང་ཁ་པར་སོགས་ཀྱི་ལྟད་མོ་དང་རོལ་རྩེད་ལ་མགོ་འཁོར་བ་སོགས་བྱས་ན། རང་གི་རྒྱུད་ལ་སྒྱིད་ལུག་དང་ལེ་ལོའི་མྱུ་གུ་རྒྱས་ཏེ། ལེགས་པའི་ལམ་དུ་བགྲོད་པའི་གེགས་བྱེད་ཅིང་། གཞན་གྱི་ལྟ་སྟངས་མི་ལེགས་པ་དང་། རྗེས་ལུས་ཀྱི་སློབ་མ་གྲོགས་སུ་བསྟེན་པ་སོགས་སྐྱོན་བརྗོད་དང་དམའ་འབེབས་མྱོང་དགོས་པའི་གནས་སུ་གྱར་ན། རང་བཞིན་གྱིས་རང་བརྩིའི་སེམས་པ་ལ་ཕོག་ཐུག་སོང་ནས། རང་གིས་གཞན་ལ་ཡང་ལྟ་སྟངས་ཡང་དག་ཅིག་འཛིན་མི་ཐུབ་པས། མང་པོ་ཚོགས་པའི་དབུས་སུ་ཡང་ན་ཉམ་ཆུང་གི་གནས་བབ་བཟུང་བར་བྱེད་ལ། ཡང་ན་ཇི་མི་སྙམ་པའི་ང་རྒྱལ་ཁེངས་དྲེགས་ཀྱི་མགོ་བོ་འདེགས་པར་བྱེད། དེས་སྐྱོན་བྲལ་གྱི་སེམས་ཁམས་ཤིག་འཚར་ལོངས་ཡོང་མི་ཐུབ།
གཉིས། སློབ་མ་རྣམས་མི་གཤིས་བཟང་པོ་ཆགས་རྒྱུར་འབད་དགོས་པའི་གལ་ཆེའི་རང་བཞིན།
དེ་ཡང་དཔེ་ཁྲིད་མི་སྐྱོང་གི་སློབ་གསོའི་དམིགས་ཡུལ་མཐར་ཐུག་ནི་མི་གཤིས་བཟང་བའི་མི་ཞིག་གསོ་སྐྱོང་བྱ་རྒྱུ་དེ་ཡིན་ཞེས་བརྗོད་ན་མི་འགྲིག་པ་མེད་ཅིང་། མི་གཤིས་བཟང་བའི་མི་ཞེས་པ་དེ་ཡང་མཐར་གཏུགས་ན་སེམས་ཁམས་སྐྱོན་བྲལ་དང་བདེ་ཐང་གི་མི་ཞིག་ལ་གོ་དགོས། མི་གཤིས་བཟང་བའི་མི་ཞིག་ཆགས་པར་ཉིན་མ་གཅིག་གཉིས་ཀྱི་འབད་བརྩོན་ཙམ་མིན་པར། མི་ཞིག་དགོས་ན་ཆུང་ནས་སྐྱོང་། རྟ་ཞིག་དགོས་ན་རྟེའུ་ནས་གསོ་ཞེས་པའི་དཔེ་ལྟར་ཆུང་དུས་ནས་འབད་བརྩོན་བྱ་དགོས་པ་ནི་སྨྲོས་ག་ལ་དགོས།
ཤ་རུས་ཀྱི་ཕུང་པོ་ལས་གྲུབ་པའི་མི་ལ་དགའ་སྐྱོ་ཆགས་སྡང་མེད་པ་མི་སྲིད་ཅིང་། དགའ་སྐྱོ་ཆགས་སྡང་གི་རང་གཤིས་ཅན་ལ་དགེ་ཙམ་མ་ཟད་སྐྱོན་ཡང་ལྡན་ངེས་ཏེ། ཤིང་ལ་འཛེར་པ་མེད་པ་དང་། མི་ལ་སྐྱོན་མེད་པ་ཞིག་མེད་པའི་དཔེ་ལྟར་རོ། འོ་ན་ལེགས་སྤེལ་ཉེས་འགོག་ཇི་ལྟར་བྱ་དགོས་སམ་ཞེ་ན། ཆུང་དུས་ནས་ཡ་རབས་བཟང་པོའི་སྤྱོད་པའི་རྒྱུན་བསྐྱངས་ཏེ། ཁྲེལ་དང་ངོ་ཚ་ཤེས་དགོས་པ་དང་། རྒན་རབས་ལ་གུས་ཞབས། ཕ་མར་སྲི་ཞུ། དགེ་རྒན་ལ་བརྩི་བཀུར། ན་མཉམ་དང་འཆམ་མཐུན། ཉམ་ཆུང་ལ་བྱམས་སྐྱོང་ཚུན་ཆད་ནས་དཔེ་སྟོན་སློབ་གསོ་བྱེད་དགོས། དེ་བས་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་དང་མཐུན་པའི་བསམ་བློའི་སློབ་གསོ་དང་དུས་རབས་གསར་པའི་འགྲོས་དང་མཉམ་པའི་ཡར་ཐོན་གྱི་སྐུལ་ལྕག་མ་འཕྱུགས་པ་བྱས་ནས་ལུས་སེམས་གཉིས་ཀའི་བདེ་ཐང་ལ་དོ་སྣང་བྱས་ན་མི་གཤིས་བཟང་བའི་མི་ཞིག་ཆགས་རྒྱུ་གདོན་མི་ཟ།
མི་གཤིས་བཟང་བའི་མི་དེ་ནི་བྱང་ཚད་ལེགས་པའི་མི་ཞིག་ཡིན་ངེས་ཤིང་། དགེ་སློབ་ཕན་ཚུན་དབར་ཡིན་ནའང་འདྲ། སློབ་གྲོགས་ཕན་ཚུན་དབར་ཡིན་ནའང་འདྲ། མི་གཤིས་བཟང་བའི་སློབ་མ་གང་དེས་ཚང་མར་ཞི་མཐུན་དང་སྤྲོ་སྣང་གི་ཚོར་བ་ཞིག་སྦྱིན་ངེས། ཤེས་བྱ་ཡོན་ཏན་གྱི་ཆུ་ཚད་དམ། བསམ་བློ་ཀུན་སྤྱོད་གང་ཡིན་ན་ཡང་། མི་གཤིས་བཟང་བའི་སློབ་མས་འཛིན་གྲྭའི་ནང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཟང་པོ་འདོན་སྤེལ་བྱེད་བཞིན་པ་ཀུན་གྱིས་མིག་མཐོང་ལག་ཟིན་མ་ཡིན་ནམ།
མི་གཤིས་ལེགས་པའི་མི་ཞིག་གིས་ཐོག་མར་རང་ཉིད་མི་ཇི་འདྲ་ཞིག་ཡིན་པར་ངོས་འཛིན་གཏིང་ཟབ་ཐུབ་པ་དང་། རང་ཉིད་མི་ཇི་འདྲ་ཞིག་ཆགས་པ་བྱེད་དགོས་མིན་ཐད་ངོས་འཛིན་གསལ་པོ་ཡོད། དེར་བརྟེན་དགེ་རྒན་རྣམ་པས་སློབ་མ་རྣམས་མི་གཤིས་བཟང་པོ་ཞིག་ཆགས་རྒྱུར་དོ་སྣང་བྱ་དགོས། འཇིག་རྟེན་ཐོག་གི་སྐྱེ་བོ་སྐྱོན་དང་ལྡན་པ་ཞིག་ལ་མི་ཚང་མས་དགའ་པོ་བྱེད་མི་སྲིད་ལ་མི་ཚང་མས་ཉེ་པོ་བྱེད་མི་སྲིད། མི་གཤིས་བཟང་པོ་མེད་པའི་མི་དེའི་སེམས་ཁམས་སྐྱོན་ཅན་ཞིག་ཡིན་པས། དེའི་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ་བལྟོས་བཅས་ཀྱིས་གུ་དོག་པ་དང་རྗེས་ལུས་ཡིན། དེའི་དགའ་སྐྱོའི་འཆར་སྒོ་ཅི་ཞིག་ཡིན་རུང་། རང་བཞིན་ངང་སྦས་པའི་ཚུལ་དུ་སྡོད་རྒྱུར་དགའ་ཞིང་། སྐྱིད་སྡུག་གང་བྱུང་ཡང་བློ་ཐག་ཆོད་པོས་གདོང་གཏོད་པའི་སྤོབས་པ་དང་བྲལ་རྐྱེན། དུས་ཀྱི་འགྱུར་བ་དང་བསྟུན་ནས་སེམས་ཁམས་ཀྱི་ན་ཚ་གཞན་ལ་མི་འགྱུར་བའི་ངེས་པ་མེད་པ་དང་། སེམས་ཁམས་སྐྱོན་ཅན་དེས་ལུས་སེམས་གཉིས་ཀར་སྡུག་བསྔལ་བཟོ་ངེས་པས། རང་གཞན་ཚང་མས་དེའི་གལ་ཆེའི་རང་བཞིན་ལ་སྣང་འཇོག་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ།
ནམ་རྒྱུན་འཚོ་བའི་ནང་མི་དེ་འགྲོགས་བདེ་གཤིབ་བདེ་ཞིག་འདུག མི་དེ་དང་མཉམ་དུ་བསྡད་ན་སྣང་བ་སྐྱིད་པོ་ཞིག་འདུག་ཅེས་གླེང་བར་བྱེད་ཅིང་། མི་དེའི་རྒྱུད་ལ་དྲང་ནུས་ངེས་ཅན་ཡོད་པ་ཁས་ལེན་པ་དང་། རང་གི་ཕྲུ་གུ་དང་དགའ་ཉེ་སྤུན་མཆེད་ཚོར་མི་དེ་རིགས་རོགས་པ་དང་གྲོགས་པོར་བསྟེན་རྒྱུའི་སྐུལ་སློང་བྱེད་ཀྱི་ཡོད། མི་དེ་རིགས་ཀྱི་མི་གཤིས་བཟང་ལ་སེམས་ཁམས་བདེ་ཐང་ཡིན་པས། ཚང་མའི་དགའ་བསུ་ཐོབ་གཤིས། མི་དེ་རིགས་ཀྱི་ཆེས་ཕུལ་དུ་བྱུང་བའམ་གྲུབ་འབྲས་ངེས་ཅན་ལྡན་པར་ངོས་འཛིན་ཆོག་སྙམ། མི་དེ་རིགས་ཇི་ཙམ་མང་བ་དེ་ཙམ་གྱིས་སྤྱི་ཚོགས་ཧྲིལ་པོའི་དཔལ་ཡོན་གྱི་ཆུ་ཚད་ཇི་འདྲ་ཞིག་ལ་སླེབས་པ་མཚོན་གྱི་ཡོད།
མདོར་ན། སློབ་མ་ཚང་མའི་འཚར་ལོངས་ཀྱི་བརྒྱུད་རིམ་ནང་གནས་ཚུལ་གང་ཡང་འཕྲད་སྲིད་པ་དང་། གྲོགས་པོ་བཟང་ངན་གང་ཡིན་ཡང་ཡོང་ངེས་ལ། སྐྱིད་སྡུག་སྣ་ཚོགས་འཕྲད་སྲིད། སློབ་མ་ཚོའི་སྔ་བར་ཕྱི་གསུམ་གྱི་འཚར་ལོངས་ཀྱི་བརྒྱུད་རིམ་ནང་ཁྱིམ་ཚང་དང་། སློབ་གྲྭ སྤྱི་ཚོགས་བཅས་ཀྱི་ཡང་དག་པའི་སེམས་ཁམས་ཀྱི་ཁྲིད་སྟོན་མེད་ན། སློབ་མ་རྣམས་བདེ་ཐང་ངང་འཚར་ལོངས་ཡོང་ཐབས་བྲལ་ཞིང་། སློབ་མ་རྣམས་འབྱུང་འགྱུར་སྤྱི་ཚོགས་འཚོ་བར་འཇུག་སྐབས། རང་གི་རིན་ཐང་ལྟ་བས་དཀའ་ངལ་ཡོད་ཚད་ལ་གདོང་གཏོད་དགོས་པས། དགེ་བའི་བཤེས་གཉེན་གྱིས་སློབ་མ་ཚོར་ཇི་ལྟར་བྱས་ནས་རང་གི་སེམས་ཁམས་ལ་རང་གིས་སྙོམས་སྒྲིག་ཡག་པོ་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ཏེ་རང་ལ་ཡིད་ཆེས་དང་། རང་ལ་སེམས་གསོ། རང་ལ་སྐུལ་ལྕག་གིས་དགེ་སྐྱོན་འཚོལ་ཞིབ་དང་། ལེགས་ཉེས་ཕྱོགས་སྡོམ་གྱིས་བདེ་ཐང་དང་སྐྱོན་བྲལ་གྱི་སེམས་ཁམས་ཤིག་གིས་བྱ་སྤྱོད་ཚང་མར་མཛུབ་སྟོན་ཐུབ་པའི་མཐུན་རྐྱེན་སྦྱོར་དགོས།
དེ་ཡང་སློབ་མའི་ཤེས་བྱ་ཡོན་ཏན་གྱི་སློབ་ཁྲིད་ལ་སྣང་ཆེན་བྱེད་པ་དང་ཆབས་ཅིག སློབ་མའི་སེམས་ཁམས་བདེ་ཐང་ལ་དོ་ཁུར་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། བདེ་ཐང་དང་སྐྱོན་བྲལ་གྱི་སེམས་ཁམས་རྒྱུད་ལ་མངའ་བའི་སློབ་མ་རྣམས་ནི་རྒྱལ་ཁབ་ཀྱི་མ་འོངས་འཛུགས་སྐྲུན་ལ་སྨན་པའི་སྟོབས་ཤུགས་རྩེ་གྲ་ཞིག་ཡིན་པས། སློབ་མའི་སེམས་ཁམས་བདེ་ཐང་སློབ་གསོའི་གལ་ཆེའི་རང་བཞིན་སྐོར་གྱི་བསམ་ཚུལ་ཐོར་བུ་འདི་ཀུན་ལ་བགྲོ་གླེང་གི་ཚུལ་དུ་ཡི་གེར་ཕབ་པས། སྐྱོན་བརྗོད་དང་བསམ་འཆར་བརྗེ་རེས་ཀྱི་རེ་བ་ཤིན་ཏུ་ཆེའོ།
(བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་2016ལོའི་རྩོམ་རིག་འཛིན་གྲྭའི་ཞིབ་འཇུག་སློབ་མ་བསྟན་འཛིན་ཆོས་སྒྲོན)
འགན་འཁུར་རྩོམ་སྒྲིག་པ། 次仁曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣