དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཀྱི་ཐང་ཁའི་སྒྱུ་རྩལ་སྲུང་སྐྱོབ་དང་རྒྱུན་འཛིན་འཕེལ་རྒྱས་ཀྱི་གནས་བབ་ལ་དབྱེ་ཞིབ་རགས་ཙམ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-03-08

    གླེང་གཞི།

    མིག་སྔར་བོད་ཀྱི་ཐང་ཁའི་སྒྱུ་རྩལ་སྲུང་སྐྱོབ་དང་། རྒྱུན་འཛིན། འཕེལ་རྒྱས་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་ལ། ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་ཐང་ཁའི་སྒྱུ་རྩལ་འདི་ཉིད་སྲུང་སྐྱོབ་དང་། རྒྱུན་འཛིན། དུས་རབས་དང་མཐུན་པའི་འཕེལ་རྒྱས་བཅས་གང་ལེགས་ཡོང་བ་བྱས་ཏེ་ཐང་ཁའི་སྒྱུ་རྩལ་དེ་ཉིད་བོད་ཀྱི་མིང་བྱང་ལྟ་བུར་འགྱུར་ཐུབ་པ་བྱ་རྒྱུ་དང་། མེས་པོ་གོང་མ་རྣམས་ལ་ངོ་གནོང་མི་དགོས་པ་བྱ་རྒྱུ་བཅས་ཀྱི་ཆེད་རང་ཉིད་ཐང་ཁའི་ཆེད་ལས་པ་ཞིག་གི་ངོས་ནས། ཐང་ཁའི་སྒྱུ་རྩལ་ལ་ཐོབ་པའི་གྲུབ་འབྲས་དང་། དོ་སྣང་། ལེགས་བཅོས་བྱེད་རྒྱུའི་ཐད་དབྱེ་ཞིབ་རགས་ཙམ་བྱེད་རྒྱུ་ཡིན།

    དང་པོ། ཐང་ཁའི་སྒྱུ་རྩལ་ལ་ཐོབ་པའི་གྲུབ་འབྲས།

    གཅིག བོད་རིགས་དང་ཐང་ཁའི་སྒྱུ་རྩལ་དབར་གྱི་འབྲེལ་བ། བོད་ལ་སྲོལ་རྒྱུན་ལག་ཤེས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་ཅིང་མི་མང་པོས་ལག་ཤེས་ལ་བརྟེན་ནས་འཚོ་བ་སྐྱེལ་ཐབས་བྱེད་པའི་གོམས་སྲོལ་སྔར་ནས་ཡོད་པ་དང་། ལག་ཤེས་དེ་དག་ཁྲོད་ནས་ཐང་ཁ་འབྲི་རྒྱུ་ནི་རྒྱུན་གཏན་འཚོ་བའི་ཡོ་ཆས་བཟོ་རྒྱུ་དང་ཨར་ལས་འཛུགས་སྐྲུན་བྱེད་རྒྱུ་སོགས་དང་མི་འདྲ་བར་ལག་རྩལ་དང་རིགས་པའི་གཞུང་ལུགས་སོགས་ལ་སློབ་སྦྱོང་ནན་ཏན་བྱེད་དགོས་པའི་རིམ་པ་མཐོ་བའི་དམིགས་བསལ་གྱི་ལག་རྩལ་ཞིག་ཡིན་ལ། ཐང་ཁའི་བརྩམས་ཆོས་ནི་རྒྱལ་ནང་དང་རྒྱལ་སྤྱིའི་ཐོག་གང་སར་དང་ལེན་དང་དགའ་པོ་བྱེད་ཡུལ་དུ་གྱུར་ཡོད་པར་བརྟེན་བོད་རིགས་ན་གཞོན་མང་པོས་ཐང་ཁ་འབྲི་རྒྱུར་སླ྄ོབ་སྦྱོང་བྱས་ཏེ་ཐོག་མའི་རེ་བ་ཡང་རང་ཉིད་ཀྱི་འཚོ་བ་སྐྱེལ་ཐུབ་པ་བྱེད་རྒྱུ་དང་ནང་མི་བུ་ཕྲུག་གསོ་རྒྱུར་ཡང་ཕན་ཐོགས་ངེས་ཅན་ཡོད་པར་མཐོང་བ་དེ་ཡིན་པ་མ་ཟད། རང་ཉིད་ལ་མི་ཚེ་འདིར་ཆེད་ལས་ཀྱི་ལག་རྩལ་ཞིག་བསྟན་རྒྱུ་ཡོད་པ་བྱ་རྒྱུའི་དམིགས་ཡུལ་ཡང་འཆང་བཞིན་ཡོད་པ་དེ་དང་། རྗེས་སུ་ཐང་ཁའི་སྒྱུ་རྩལ་པ་ཚད་ལྡན་ཞིག་ཆགས་ནས་རིམ་བཞིན་དགེ་རྒན་གྱི་གནས་བབ་ཏུ་སླེབས་སྐབས་ཐང་ཁའི་སྒྱུ་རྩལ་གྱི་ལས་ཀ་བྱེད་རྒྱུ་དེ་ནི་འཚོ་བ་སྐྱེལ་རྒྱུ་ཁོ་ནའི་ཆེད་དུ་མ་ཡིན་པར་དེ་ནི་མེས་པོ་དམ་པས་འཇོག་གནང་མཛད་པའི་འགྲོ་བ་མིའི་སེམས་ཁམས་ལ་བདེ་སྐྱིད་སྐྲུན་ཆེད་ཀྱི་སྒྱུ་རྩལ་རིན་ཐང་བྲལ་བ་ཞིག་ཡིན་པ་ཡང་ཤེས་རྟོགས་ཐུབ་ནས་དེ་དག་སྲུང་སྐྱོབ་དང་རྒྱུན་འཛིན་འཕེལ་རྒྱས་གཏོང་དགོས་རྒྱུར་སེམས་གཏིང་ནས་འགན་འཁྲིའི་བསམ་པ་ཞིག་འཆང་གི་ཡོད་པས། དེ་ནི་བསྔགས་འོས་པའི་བསམ་བློའི་ཀུན་སློང་ཞིག་ཏུ་གྱུར།

    ཐང་ཁ་འགྲེམས་གཤོམ་གྱི་གོམས་སྲོལ་སྐོར་ནས་བཤད་ན། དེ་ཡང་བོད་མི་རིགས་ཀྱིས་ནང་ཆོས་ལ་དད་པ་བྱས་ཏེ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད་པ་ནི་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཡིན་པ་དང་། དགོན་སྡེ་སོགས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སའི་ནང་ཐང་ཁ་རིགས་འདྲ་མིན་དང་ཆེ་ཆུང་སྣ་ཚོགས་བཞེངས་ནས་རྒྱ་ཆེའི་ཆོས་དད་མང་ཚོགས་ཀྱི་འདོད་པ་བསྐོང་ཐུབ་པ་གནང་གི་ཡོད་པ་མ་ཟད། བོད་ལུགས་གསོ་རིག་སློབ་གྲྭ་ཁག་དང་། བོད་ལུགས་ཀྱི་སྨན་ཁང་། གནམ་རིག་སྐར་རྩིས་ཀྱི་ལས་ཀ་གནང་ས་སོགས་སུ་རང་སོ་སོའི་ཆེད་ལས་དང་འབྲེལ་བའི་ནང་དོན་ལྡན་པའི་ཐང་ཁ་སྣ་ཚོགས་འགྲེམས་གཤོམ་སློབ་ཁྲིད་བྱེད་རྒྱུ་སོགས་ལ་སྤྱོད་ཀྱི་ཡོད། དེ་བཞིན་མིག་སྔར་ཚོང་ཁང་དང་ཟ་ཁང་མགྲོན་ཁང་སོགས་ཀྱི་ཚོམས་ཆེན་དུ་ཡང་ཐང་ཁ་འགྲེམས་གཤོམ་བྱེད་ཀྱི་ཡོད་པ་དང་། སྔར་ནས་ད་བར་ཁྱིམ་ཚང་སྒེར་མང་ཆེ་བས་ཐང་ཁ་ཉར་ཚགས་གནང་གི་ཡོད་པ་དེ་དག་ལས་ཐང་ཁའི་སྒྱུ་རྩལ་ནི་བོད་རིགས་ཀྱི་འཚོ་བ་དངོས་དང་ཁ་བྲལ་ཐབས་མེད་པའི་སྒྱུ་རྩལ་གྱི་དངོས་པོ་གལ་ཆེན་ཞིག་རེད་ཅེས་བརྗོད་ཆོག གཞན་ཡང་། རིག་གནས་ནི་རྒྱལ་མཚམས་མེད་པ་ཞིག་ཡིན་རྐྱེན་ཐང་ཁའི་བརྩམས་ཆོས་ལ་མི་རིགས་ཀྱི་རི་མོའི་ཁྱད་ཆོས་ཟབ་མོ་ལྡན་ཞིང་ནང་དོན་གཏིང་ཟབ་པ་དང་། ཉར་ཚགས་ཀྱི་རིན་ཐང་ཆེ་ལ་འགྲེམས་གཤོམ་བྱེད་རྒྱུ་སྟབས་བདེ་བ་དང་། བསྡུ་རྒྱུ་དང་ཉར་ཚགས་བྱེད་རྒྱུ་སྟབས་བདེ་ལ་འཁྱེར་བདེ་བ་སོགས་ཀྱི་ཁྱད་ཆོས་དམིགས་བསལ་ལྡན་ཡོད་པ་མ་ཟད། ལྷག་པར་དུ་ཆོས་ལུགས་རིག་གནས་ནས་རས་བྲིས་ཀྱི་ཕན་ཡོན་བསམ་གྱི་མི་ཁྱབ་པ་ཡོད་ཚུལ་བསྟན་གནང་ཡོད་པ་སོགས་ཀྱིས་རྒྱལ་ནང་དང་རྒྱལ་སྤྱིའི་ཐོག་ཏུའང་ཚོགས་པ་དང་མི་སྒེར་སོགས་ཀྱིས་ཐང་ཁའི་ལག་རྩལ་དང་། ནང་དོན། རྒྱུ་ཆ་སོགས་ཚད་དང་ལྡན་པ་ཞིག་འགྲེམས་གཤོམ་དང་ཉར་ཚགས་བྱེད་རྒྱུར་དང་དོད་བྱེད་ཀྱི་ཡོད་པ་མ་ཟད། མིང་གྲགས་ཆེ་བའི་ཐང་ཁའི་སྒྱུ་རྩལ་པའི་ཐང་ཁ་ཉར་ཚགས་བྱ་རྒྱུར་དེ་བས་ཀྱང་དང་དོད་ཆེན་པོ་བྱེད་བཞིན་པ་དེ་ནི་ཐང་ཁ་འགྲེམས་གཤོམ་བྱེད་རྒྱུ་དེ་རྒྱལ་སྤྱི་ཅན་ལ་འགྱུར་བཞིན་ཡོད་པ་མངོན་ཡོད།

    གཉིས། ཐང་ཁ་སློབ་སྦྱོང་བྱེད་རྒྱུ་དང་ལག་ལེན་གྱི་གནས་སྟངས། བོད་ཀྱི་ཐང་ཁའི་སྒྱུ་རྩལ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིགས་གནས་ཤུལ་བཞག་སྲུང་སྐྱོབ་རྣམ་གྲངས་ཀྱི་ནང་ཚུད་པའི་སྲོལ་རྒྱུན་རི་མོའི་སྒྱུ་རྩལ་ཞིག་ཡིན་ཞིང་། སློབ་སྦྱོང་བྱེད་རྒྱུའི་ཐབས་ལམ་དེ་ཡང་སྲོལ་རྒྱུན་མི་ཉམས་པ་བྱེད་དགོས་རྒྱུ་ནི་མངོན་མིན་རིག་གནས་ཤུལ་བཞག་གི་རྩ་དོན་དང་རེ་བ་གལ་ཆེ་ཤོས་དེ་རེད། ཐང་ཁའི་སྒྱུ་རྩལ་པ་ཚད་ལྡན་ཞིག་ཆགས་པར་བྱེད་དགོས་ན་བུ་དང་བུ་མོ་གང་ཡིན་རུང་རང་ལོ་བཅུ་དྲུག་ཙམ་ནས་སློབ་འགོ་བཙུགས་ན་འཚམས་ཤོས་ཡིན་ཞིང་། མིག་དང་ལག་པ་གཙོ་བོར་བྱས་པའི་དབང་པོ་རྣམས་བདེ་ཐང་ཡིན་པའི་རྨང་གཞིའི་ཐོག་བོད་ཡིག་གི་ཆུ་ཚད་ངེས་ཅན་ལྡན་དགོས་པ་ཕུད། རྒྱ་སྐད་དང་དབྱིན་སྐད་སོགས་སྐད་རིགས་གཞན་དག་ཤེས་ཐུབ་ན་གཡང་རྩེའི་སྒང་ལ་ཡལ་སྒྲོན་ཞེས་པའི་དཔེ་ལྟར་རེད།

    ཐང་ཁ་སློབ་སྦྱོང་བྱེད་མཁན་ནི་ཐོག་མ་ནས་སེམས་ཁམས་ལྷོད་པོ་ཡོད་དགོས་པ་དང་སློབ་སྦྱོང་ལ་སྡུག་རུས་བྱེད་ཐུབ་མཁན་ཞིག་ཡིན་དགོས་ལ། དུས་ཡུན་ལོ་ལྔ་ནས་དྲུག་བར་སླ྄ོབ་སྦྱོང་ལྷོད་མེད་བྱེད་དགོས་ཀྱི་ཡོད་པར་བརྟེན་ཆུང་དུས་ནས་འཚོ་བའི་ཆ་རྐྱེན་ཡག་ས་དང་ཟང་ཟིང་ཆེ་ས་སྟེ་གྲོང་ཁྱེར་ནང་འཚར་ལོངས་བྱུང་བའི་བུ་ཕྲུག་གིས་ཐང་ཁ་སློབ་སྦྱོང་བྱེད་ཐུབ་མཁན་ཧ་ཅང་ཉུང་ལ་སློབ་སྦྱོང་བྱེད་ཐུབ་པའི་དབང་དུ་བཏང་ནའང་མུ་མཐུད་ཐང་ཁ་འབྲི་ཐུབ་མཁན་ཤིན་ཏུ་ཉུང་ཉུང་ཡིན་པ་ནི་ཁོ་བོས་ལོ་སུམ་ཅུ་ལྷག་ཙམ་ཐང་ཁའི་ལས་ཀ་དང་སློབ་ཁྲིད་བྱས་པའི་བརྒྱུད་རིམ་ཁྲོད་ནས་ཤེས་རྟོགས་བྱུང་བ་ཞིག་ཡིན། དེང་གི་དུས་འདིར་ཐང་ཁ་སློབ་སྦྱོང་བྱེད་སའི་ཁོར་ཡུག་མང་ལ་རྣམ་པ་ཡང་སྣ་ཚོགས་ཡོད་ཀྱང་ད་ལྟ་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་། ལྗོངས་རིམ་པའི་བཟོ་རྩལ་མཛེས་རིས་ཀྱི་དབུ་ཆེན། དེ་བཞིན་བོད་ཀྱི་རིམ་པ་དང་པོ་དང་གཉིས་པ་གསུམ་པ་ལ་སོགས་པའི་གོ་མིང་ཐོབ་པའི་ཕུལ་བྱུང་གི་ན་གཞོན་ཐང་ཁའི་སྒྱུ་རྩལ་པ་རྣམས་ནི་དམངས་ཁྲོད་དུ་གཉེར་བའི་ཐང་ཁའི་སློབ་གྲྭའམ་ཡང་ན་ཐང་ཁ་འབྲི་ས་ཁག་ནས་གསོ་སྐྱོང་བྱས་པ་ཤ་སྟག་ཡིན་པ་ལས་དེ་དག་གི་ཁྲོད་སློབ་ཆེན་གྱི་རི་མོའི་ཚན་ཁག་དང་ལས་རིགས་ལག་རྩལ་སློབ་གྲྭ་ཁག་ནས་སློབ་ཐོན་བྱས་པའི་སློབ་མ་རྩ་བའི་ཆ་ནས་མཐོང་རྒྱུ་མེད། མིག་སྔར་དམངས་གཉེར་གྱི་ཐང་ཁའི་སློབ་གྲྭ་དང་མི་སྒེར་གྱི་རི་མོ་འབྲི་ས་དེ་དག་ནི་ཀྲུང་གོའི་ཐང་ཁའི་སྒྱུ་རྩལ་སྲུང་སྐྱོབ་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་བྱེད་སའི་ལྟེ་བ་ལྟ་བུ་ཆགས་ཡོད་ལ། དེ་དག་གིས་ལས་ཞུགས་མི་ཐུབ་པའི་དཀའ་ངལ་སེལ་རྒྱུ་དང་དབུལ་སྒྲོལ་བྱེད་རྒྱུ་སོགས་ལ་ཡང་ལེགས་སྐྱེས་མི་དམན་པ་འབུལ་བཞིན་ཡོད། རགས་རྩིས་ལྟར་ན། མིག་སྔར་བོད་ལྗོངས་སུ་ཚོགས་པ་དང་། མི་སྒེར་ལ་སོགས་པས་གཉེར་བའི་ཐང་ཁ་སློབ་སྦྱོང་བྱེད་ས་དང་ཐང་ཁ་འབྲི་ས་སོགས་སུམ་བརྒྱ་ཡས་མས་ཡོད་པ་དང་། ཐང་ཁ་འབྲི་མཁན་མི་གྲངས་སུམ་སྟོང་ལ་ཉེ་བ་ཡོད་པ་བཅས་ཀྱི་གཞི་ཁྱོན་དང་མི་གྲངས་སོགས་དུས་རབས་གོང་མ་དང་བསྡུར་ཚེ་ལྡབ་ཁ་ཤས་འཕར་སྣོན་བྱུང་ཡོད།

    2010ལོ་ནས་བཟུང་། ལྗོངས་རིག་གནས་ཐིང་གིས་ལོ་ལྟར་བོད་ལྗོངས་ཐང་ཁའི་སྒྱུ་རྩལ་འགྲེམས་ཚོགས》ཞེས་པ་གཉེར་ནས་ཡ་གྲངས་ཀྱི་ལོར་ལྗོངས་ཡོངས་ཀྱི་ཐང་ཁའི་སྒྱུ་རྩལ་པ་རྣམས་ལ་ལག་རྩལ་དང་རིག་གཞུང་གི་ཡིག་ཚད་དང་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་ནས་བོད་ཀྱི་ཐང་ཁའི་སྒྱུ་རྩལ་པའི་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་གོ་མིང་སྤྲོད་རྒྱུ་དང་། ཆ་གྲངས་ཀྱི་ལོར་གོ་མིང་ཐོབ་པའི་ཐང་ཁའི་སྒྱུ་རྩལ་པ་རྣམས་ཀྱི་བརྩམས་ཆོས་གསར་པའི་སྤུས་ཚད་ལ་ལོ་གཤེར་སྐར་མ་རྒྱག་རྒྱུའི་བྱེད་སྒོ་སྤེལ་རྒྱུ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ལྗོངས་རིམ་པ་དང་གྲོང་ཁྱེར་རིམ་པའི་རྒྱུན་འཛིན་པ་འདེམས་བསྐོ་བྱེད་རྒྱུ། དེ་བཞིན་ལྗོངས་དཔལ་འབྱོར་ཆ་འཕྲིན་ཐིང་གིས་ལོ་གསུམ་རེའི་མཚམས་སུ་ལྗོངས་རིམ་པའི་བཟོ་རྩལ་མཛེས་རིས་དབུ་ཆེན་གྱི་གོ་མིང་སྤྲོད་པའི་འགྲན་བསྡུར་སྤེལ་བ་སོགས་ཀྱིས་གཞོན་སྐྱེས་རི་མོ་བ་རྣམས་སྐྱ་རིས་འབྲི་རྒྱུ་དང་རིགས་པའི་གཞུང་ལུགས་སོགས་ལ་སློབ་སྦྱོང་ནན་ཏན་བྱེད་རྒྱུའི་ཧུར་སེམས་ཧ་ཅང་ཆེ་རུ་སོང་ནས་ལག་རྩལ་དང་རིགས་གཞུང་གི་ཆུ་ཚད་ཀྱང་མངོན་གསལ་དོད་པོས་མཐོ་རུ་སོང་ཡོད་པ་ནི་མིག་ལྡན་ཀུན་གྱི་མཐོང་ཆོས་སུ་གྱུར།

    གཞན་ཡང་། ཐང་ཁའི་སྒྱུ་རྩལ་གྱི་ཁྱད་ཆོས་དང་། རིན་ཐང་། དགོས་པ་སོགས་གསར་འགྱུར་བརྒྱུད་ལམ་ཁག་ནས་དྲིལ་བསྒྲགས་དང་ངོ་སྤྲོད་གང་ལེགས་བྱུང་བ་དང་། དེ་བཞིན་རྒྱལ་ནང་དང་རྒྱལ་སྤྱིའི་འགྲེམས་སྟོན་ཁག་ལ་ཧུར་ཐག་ཞུགས་ནས་ཐང་ཁའི་སྒྱུ་རྩལ་ངོ་སྤྲོད་དང་ཁྱབ་བསྒྲགས་གང་ལེགས་བྱས་པར་བརྟེན་ད་ལྟ་བོད་ཀྱི་ཐང་ཁའི་སྒྱུ་རྩལ་ཞེས་འཛམ་གླིང་ཀུན་གྱིས་རྒྱུས་མངའ་ཡོད་པ་ལྟ་བུ་ཆགས་ཡོད་པ་དེ་དག་ལས་ཐང་ཁའི་ཁྲོམ་ར་དེ་ཉིད་རྒྱལ་སྤྱིའི་སྒྱུ་རྩལ་གྱི་ཁྲོམ་རར་ཁ་ཕྱོགས་ཐུབ་པ་མངོན་ཡོད།

    གཉིས་པ། དོ་སྣང་དང་ལེགས་བཅོས་བྱེད་རྒྱུའི་གནས་ཚུལ་སྐོར།

    གཅིག ཐང་ཁའི་སྒྱུ་རྩལ་སློབ་སྦྱོང་བྱེད་མཁན་ཇེ་ཉུང་དུ་འགྲོ་བའི་སྣང་ཚུལ། གུས་པས་ལོ་ངོ་སུམ་ཅུ་ལྷག་ཙམ་རིང་ཐང་ཁའི་སྒྱུ་རྩལ་ལ་སློབ་སྦྱོང་དང་ལས་ཀ་བྱས་པའི་བརྒྱུད་རིམ་ཁྲོད་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཐང་ཁའི་སྒྱུ་རྩལ་ལ་སློབ་སྦྱོང་བྱེད་མཁན་ཕལ་ཆེ་བ་ནི་གྲོང་གསེབ་ཀྱི་བུ་ཕྲུག་ཡིན་ཞིང་། དུས་རབས་གོང་མའི་ལོ་རབས་དགུ་བཅུ་པའི་ནང་ཙམ་ནས་ཐང་ཁའི་སྒྱུ་རྩལ་ལ་སློབ་སྦྱོང་བྱེད་མཁན་འཚང་ཁ་ཤིག་ཤིག་ཡོད་པར་བརྟེན་ད་ལྟའི་དུས་འདིར་ཐང་ཁའི་སྒྱུ་རྩལ་པ་གང་ཙམ་ཐོན་ཡོད་ཅིང་དེས་ཁྱད་ལྡན་གྱི་ཐང་ཁའི་སྒྱུ་རྩལ་དེ་ཉིད་མི་ཉམས་རྒྱུན་འཛིན་དང་རྒྱ་ཆེའི་འཛད་སྤྱོད་པའི་འདོད་བློ་ཡོངས་སུ་བསྐངས་ཐུབ་ཡོད་ལ། ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཐུབ་རྒྱུར་ཡང་ཕན་ནུས་ཆེན་པོ་ཐོན་ཡོད་པ་མ་ཟད། དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་སོགས་ཀྱི་ཐད་ནུས་པ་མི་དམན་པ་འདོན་བཞིན་ཡོད།

    འོན་ཏེ་ཉེ་བའི་ལོ་ཤས་ནང་རང་ལྗོངས་ཀྱི་སྤྱི་ཚོགས་རྣམ་པ་དང་དཔལ་འབྱོར་སོགས་བྱ་འཕུར་བ་ལྟར་འཕེལ་རྒྱས་ཆེན་པོ་བྱུང་བར་བརྟེན། གྲོང་ཁྱེར་དང་རྫོང་གྲོང་གང་སར་ཟ་ཁང་དང་མགྲོན་ཁང་ལ་སོགས་པའི་ཞབས་ཞུའི་ལས་རིགས་སྣ་ཚོགས་ཀྱི་ལས་ཀ་བྱེད་ས་ཡོད་པ་དང་། དེ་བཞིན་འཛུགས་སྐྲུན་གྱི་ལས་གྲྭ་སོགས་སུ་གནས་སྐབས་ཀྱི་གླ་ཆ་བླངས་ནས་ཤུགས་ལས་བྱེད་ས་ཧ་ཅང་མང་པོ་ཡོད་པར་བརྟེན། དུས་ཐུང་གི་ཡོང་འབབ་ཙམ་ལས་རྒྱུན་རིང་གི་ཡོང་འབབ་ལེན་རྒྱུར་བསམ་བློ་གཏོང་མི་ཐུབ་མཁན་གྲོང་གསེབ་ཀྱི་ཕ་མ་ཚོས་སློབ་གྲྭར་བསྐྱོད་མ་ཐུབ་པའམ་ཡང་ན་གཏན་འཇགས་ཀྱི་ལས་ཀ་མེད་པའི་ཕྲུ་གུ་རྣམས་ལས་ཀ་དེ་ཚོར་གཏོང་འདོད་བྱེད་པ་ལས། རང་མི་རིགས་ཀྱི་ལག་ཤེས་སློབ་སྦྱོང་བྱས་ཏེ་དེ་བས་རྒྱུན་རིང་བ་དང་ཡོང་འབབ་མང་བ་ཡོང་རྒྱུའི་མིག་རྒྱང་རིང་བའི་བསམ་བློ་གཏོང་ཐུབ་ཀྱི་མེད་པ་ནི། དབུས་གཙང་གི་ས་ཁུལ་ཁག་ནས་ཐང་ཁའི་ལག་རྩལ་སློབ་སྦྱོང་བྱེད་མཁན་མངོན་གསལ་དོད་པོས་ཉུང་དུ་འགྲོ་བཞིན་པ་ལས་མངོན་བཞིན་ཡོད།

    མུ་མཐུད་ནས་ཐང་ཁའི་སྒྱུ་རྩལ་སློབ་སྦྱོང་བྱེད་མཁན་མེད་ཚེ་རིག་གནས་སྲུང་སྐྱོབ་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་གླེང་ཐབས་མེད་པར་བརྟེན་རིམ་ཁག་སྲིད་གཞུང་གིས་གནས་ཚུལ་དེའི་ཐད་མང་ཚོགས་ཀྱི་རིག་གནས་འདུ་ཤེས་ལ་ཁྲིད་སྟོན་ཡག་པོ་བྱེད་མ་ཐུབ་ཚེ། རང་རྒྱལ་འདི་ཉིད་རིག་གནས་སྟོབས་ལྡན་གྱི་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྱོང་དང་། དེ་བཞིན་བོད་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་ཡུལ་སྐོར་གནས་མཆོག་གྲགས་ཅན་ཞིག་ཏུ་འགྱུར་བ་བྱེད་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཀྱི་དམིགས་བསལ་རིག་གནས་སྲུང་སྐྱོབ་ཁུལ་བསྐྲུན་རྒྱུ་མངོན་འགྱུར་ཡོང་རྒྱུ་སོགས་ལ་འགོག་རྐྱེན་བཟོ་སྲིད། དེས་ན་རང་ཉིད་ཀྱི་བསམ་པར་གནད་དོན་དེའི་ཐད་ཁྱིམ་ཚང་ཞིག་ལ་གཏན་འཇགས་ཀྱི་ལས་ཀ་མེད་པའི་ཕྲུ་གུ་གཉིས་སམ་གསུམ་ཙམ་ཡོད་ཚེ། ཚང་མ་ཨར་ལས་དང་ཞབས་ཞུའི་ལས་གནས་ཁག་ཏུ་གནས་སྐབས་ཀྱི་ཡོང་འབབ་གསོག་རྒྱུ་ཁོ་ནར་མ་བཏང་བར་ཚང་མར་ཐང་ཁའི་སྒྱུ་རྩལ་སོགས་མི་རིགས་ཀྱི་ལག་ཤེས་གང་རུང་ཞིག་སློབ་ཐུབ་ན་རབ་དང་། གལ་ཏེ་ཚང་མར་ལག་ཤེས་སློབ་མ་ཐུབ་ཀྱང་ངེས་པར་དུ་ཕྲུ་གུ་གཅིག་ལ་བོད་ཀྱི་སྲོལ་རྒྱུན་ཐང་ཁའི་སྒྱུ་རྩལ་ལམ་ལག་ཤེས་གང་རུང་ཞིག་ལ་སློབ་སྦྱོང་བྱེད་དགོས་རྒྱུར་བསམ་བློ་གཏོང་དགོས་པར་མཐོང་།

    གཉིས། ཐང་ཁའི་ཁྲོམ་རར་དོ་སྣང་དང་ཡིད་གཟབ་བྱེད་དགོས་པའི་གནད་དོན་ཁག་གཅིག དེང་གི་ཐང་ཁའི་ཁྲོམ་རར་ཁྱོན་ཡོངས་ནས་བརྟག་དཔྱད་རོབ་ཙམ་བྱས་པར་གཞིགས་ན། འཛད་སྤྱོད་པའམ་ཐང་ཁར་དགའ་པོ་གནང་མཁན་རྣམས་ཀྱིས་རང་ཉིད་ལ་ཐང་ཁ་དགོས་པ་བྱུང་ཚེ། ངེས་པར་དུ་ཐང་ཁར་རྒྱུས་མངའ་ཡོད་པའམ་ཡང་ན་ཆེད་ལས་མཁས་པས་ལམ་སྟོན་དགོས་རྒྱུ་གལ་ཆེ། རྒྱུ་མཚན་ནི། དེང་དུས་ཁྲོམ་རའི་ཐོག་ལག་བྲིས་དང་པར་སྐྲུན་བྱས་པའི་ཐང་ཁ་གཉིས་གཅིག་མཚུངས་ལྟ་བུ་བཟོས་ནས་མགོ་སྐོར་གཏོང་མཁན་གྱི་ཐང་ཁ་ཚོང་གཉེར་བྱེད་མཁན་ཡོད་ལ། གྲགས་ཆེ་བའི་སྒྱུ་རྩལ་པའི་བརྩམས་ཆོས་ཡིན་ཁུལ་གྱིས་རིན་གོང་མཐོ་པོ་ལེན་ཐབས་བྱེད་མཁན་ཡང་ཡོད་པ་བཅས་རེད།

    ཁྲོམ་རའི་དཔལ་འབྱོར་གྱི་འགྲན་རྩོད་ཁྲོད་རྒྱལ་ཁབ་ཕྱི་ནང་གི་ཐང་ཁའི་སྒྱུ་རྩལ་པ་དང་ཚོང་པ་ཁག་གཅིག་གིས་ཁྲོམ་རར་ཁ་ཕྱོགས་པའི་ལྟ་བ་འཁྱེར་ཏེ་ཐང་ཁའི་སྒྱུ་རྩལ་དེ་སྤྱིར་བཏང་གི་བཟོ་རྩལ་དངོས་པོའི་མིང་ཐོག་ནས་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་གཞུང་གང་སར་ཉོ་ཚོང་བྱེད་བཞིན་ཡོད་པ་དེ་རྣམས་ལ་ད་བར་དཔལ་འབྱོར་གྱི་ཁེ་ཕན་ངེས་ཅན་ཐོབ་ཡོད། དེ་ནི་དཔལ་འབྱོར་ཁོ་ནའི་ངོས་ནས་བཤད་ན་རྣམ་པ་ཧ་ཅང་བཟང་པོ་ཞིག་སྣང་རུང་། ཐང་ཁའི་སྒྱུ་རྩལ་གྱི་རིན་ཐང་མཐོ་རུ་གཏོང་རྒྱུ་དང་། ཉམས་པ་སོར་ཆུད། མི་ཉམས་རྒྱུན་འཛིན། འཕེལ་རྒྱས་འགྲོ་རྒྱུ་བཅས་ལ་ཕན་འབྲས་ཐོན་མིན་ཐད་བསམ་གཞིག་ནན་ཏན་བྱ་དགོས། ཁྲོམ་གཞུང་གི་ཐང་ཁ་འཚོང་ས་དང་མངགས་ཉོ་བྱེད་སའི་ཐང་ཁ་རྣམས་ཚད་དང་ལྡན་པའི་ལག་བྲིས་ངོ་མ་ཡིན་མིན་དང་། ཐང་ཁའི་ཚོན་རྒྱུར་ལྷད་ཡོད་མེད། དེ་དག་གིས་བོད་ཀྱི་ཐང་ཁའི་སྒྱུ་རྩལ་གྱི་ཚབ་བྱེད་ཐུབ་མིན། རིན་གོང་ཚད་དང་ལྡན་མིན་སོགས་ལ་བརྟག་དཔྱད་གཏིང་ཟབ་བྱས་ནས་ལེགས་བཅོས་བྱེད་དགོས། གོང་གི་གནད་དོན་དེ་རིགས་ལྷག་པའི་རྒྱུ་རྐྱེན་ནི་ཐང་ཁའི་སྒྱུ་རྩལ་གྱི་ཁྲོམ་རའི་གནས་སྟངས་གང་འདྲ་ཞིག་དགོས་མིན་ཐད་ཐང་ཁ་འབྲི་མཁན་རྣམས་ལ་ངོས་འཛིན་གཅིག་མཐུན་གྱི་འགན་འཁྲི་མེད་པ་དེ་ཡིན་པ་དང་། ཡང་སྒོས་སུ་ལྷ་འབྲི་བའི་ཁྲོད་དུ་བློ་རྒྱ་ཡངས་པའི་མི་ཞིག་གིས་དཔེ་མཚོན་ལྟ་བུའི་ལས་ཀ་ཞིག་བྱས་ཚེ། དེ་མིག་དཔེར་འཛིན་རྒྱུ་ཕར་བཞག་དེ་ལས་ལྡོག་སྟེ་ཞེ་སྡང་གིས་བསམ་ངན་བཅངས་ནས་འཁྱོག་བཤད་ཀྱི་ལབ་གླེང་བྱེད་པའི་སྣང་ཚུལ་ཐ་ཤལ་མཐོང་རྒྱུ་ཡོད་པས་དེ་དག་རིང་དུ་བསྐྱུར་ཐུབ་པ་བྱས་ནས། ཕན་ཚུན་མཐུན་སྒྲིལ་དང་། གུས་ཞབས། སློབ་སྦྱོང་བཅས་བྱས་ཏེ་བོད་ཀྱི་ཐང་ཁའི་སྒྱུ་རྩལ་དེ་ཉིད་ཞུམ་པ་མེད་པའི་ངང་འཛམ་གླིང་གི་སྒྱུ་རྩལ་གར་སྟེགས་ཐོག་བསྐྱོད་ཐུབ་པ་དང་། འོད་མདངས་ཇེ་ཆེར་འཕྲོ་ཐུབ་པ་བྱེད་རྒྱུའི་བློ་སྟོབས་བསྐྱེད་དགོས་རྒྱུ་ནི་ང་ཚོ་མི་རབས་འདིའི་ཕྲག་ཐོག་ཏུ་བབ་པའི་འགན་འཁྲི་དོར་ཐབས་མེད་པ་ཞིག་ཡིན་པ་ཤེས་དགོས་སོ། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།