གསར་འགོད་པར་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར། 2019ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་བྱ་དགའི་འོས་སྦྱོར་ལས་དོན་ཉེ་ཆར་སྤེལ་འགོ་ཚུགས་པ་དང་། ཚན་པས་འོས་སྦྱོར་དང་རིགས་གཅིག་མཁས་ཅན་གྱིས་འོས་སྦྱོར་བྱ་ཐབས་གཉིས་ལ་གཞིགས་ནས་འདི་ལོའི་ཟླ་5ཚེས་31ཉིན་གོང་འོས་སྦྱོར་དཔྱད་གཞི་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གྲུབ་འབྲས་དོ་དམ་ཁྲུའུ་ལ་སྐྱེལ་དགོས་ཀྱི་ཡོད།
ལོ་འཁོར་འདིའི་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་བྱ་དགར་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་དབྱེ་ཡོད། 2018ལོའི་ཚད་གཞིར་གཞིགས་ན་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་བྱ་དགའ་རིམ་པ་དང་པོར་སྒོར་ཁྲི་30དང་། རིམ་པ་གཉིས་པར་སྒོར་ཁྲི་15 རིམ་པ་གསུམ་པར་སྒོར་ཁྲི་8བཅས་དང་ཚན་རིག་ལག་རྩལ་ཐད་ཕུལ་བྱུང་གི་ལེགས་སྐྱེས་འབུལ་བའི་བྱ་དགའ་ཐོབ་མཁན་ལ་བྱ་དགའི་དངུལ་མང་ཤོས་སྒོར་ཁྲི་100སྤྲོད་རྒྱུ་ཡིན་པ་རེད།