དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • རྒྱུགས་ཤོག་འདོན་སྟངས་དང་བཟོ་སྟངས་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-11-29

    དེང་གི་ཆ་དེར《བྱང་ཚད་སློབ་གསོ》ཁྱབ་སྤེལ་གཏོང་བའི་དམིགས་ཡུལ་ནི་ཕྱོགས་ཡོངས་ནས་མི་རྣམས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུ་དེ་ཡིན། མར་ཁེ་སེས“འཇིག་རྟེན་ཐོག་གི་དངོས་པོ་ཚང་མ་འགལ་ཟླའི་ཁྲོད་དུ་གནས་ཡོད”ཅེས་གསུངས་པ་བཞིན《བྱང་ཚད་སློབ་གསོ》ཁྱབ་སྤེལ་གཏོང་བའི་ཐབས་ལམ་གྱི་ཁྲོད་དུ་སྐར་འབྲས་སློབ་གསོ་འདི་ཡང་སློབ་གསོའི་བརྒྱུད་རིམ་ནང་གྲུབ་འབྲས་ལ་གདེང་འཇོག་ཚད་འཇལ་བྱེད་པ་དང་འཛིན་ཡིག་ལ་ངོས་འཛིན་བདེན་དཔང་བྱེད་པའི་ཚད་འཇལ་བྱེད་ཐབས་ཤིག་ཡིན་པས་རྒྱུགས་ཤོག་འདོན་པ་དང་བཟོ་བའི་ལས་དོན་ནི་སློབ་གྲྭའི་ནང་ཆེས་རྒྱུན་གཏན་དང་ཆེས་གལ་འགངས་ཆེ་བའི་ལས་དོན་ཞིག་ཡིན་ལ་རྒྱུགས་ཚད་ཀྱི་སྐར་གྲངས་མཐོ་དམའ་ནི་སློབ་མ་དང་། དགེ་རྒན། ཁྱིམ་བདག་བཅས་དང་དེ་བཞིན་སྤྱི་ཚོགས་ཧྲིལ་པོས་ཐུགས་ཁུར་དང་། སྣང་འཇོག དཔྱད་གླེང་བཅས་བྱེད་མང་ཤོས་ཀྱི་དོན་གནད་ཅིག་ཏུ་གྱུར་ཡོད། སློབ་གྲྭ་གང་འདྲ་ཞིག་ཡིན་རུང་རྒྱུགས་ཤོག་འདོན་པ་དང་བཟོ་བའི་ལས་དོན་དེར་སྣང་ཆུང་རྩ་བ་ནས་བྱེད་མི་རུང་། དེས་ན་འདི་གར་དེའི་སྐོར་གྱི་མིག་མཐོང་ལག་ཟིན་གྱི་དོན་གནད་ཁག་གཅིག་ལ་དཔྱད་ཁུལ་གྱིས་རང་གི་མྱོང་བ་ཅུང་ཟད་གླེང་བར་བྱ་སྟེ།

    དང་པོ། རྒྱུགས་ཤོག་འདོན་པའི་ལས་དོན་ཡག་པོ་སྒྲུབ་དགོས།

    བཤད་རྒྱུན་དུ“ཁང་བཟང་གྲུ་བཞི་ཀ་བརྟན་ནོར་བུའི་རྡོ”ཞེས་པ་ལྟར་རྒྱུགས་ཤོག་ཡག་པོ་དང་གནད་ལ་འཁེལ་བ་ཞིག་འདོན་རྒྱུ་ནི་རྒྱུགས་ཚད་གཏོང་བའི་བྱ་བའི་རྩ་བའི་རྨང་གཞི་ཡིན་པས་རྒྱུགས་ཤོག་འདོན་མཁན་གྱིས་གཤམ་གྱི་གནད་དོན་ལ་དོ་སྣང་བྱེད་དགོས།

    1. བསླབ་གཞིར་རྒྱུས་མངའ་ཡག་པོ་ལོན་དགོས། དེ་ཡང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས་སློབ་གསོ་འདིའང་སྒྱུར་བཅོས་ཀྱི་སྐས་རིམ་གསར་པ་ཞིག་ཏུ་འཛེག་བཞིན་པའི་ཚ་རླབས་ཁྲོད《རྨང་གཞིའི་སློབ་གསོའི་བསླབ་ཚན་སྒྱུར་བཅོས》ཀྱི་ལས་དོན་དེ་རྒྱལ་ཡོངས་སུ་ལག་བསྟར་དོན་འཁྱོལ་གནང་ནས་བགྲང་བྱ་བཅུ་ཙམ་ཕྱིན་ཡོད་ལ་རང་ལྗོངས་སུ་ལག་བསྟར་བྱས་ནས་ལོ་ངོ་བདུན་ལ་ཉེ་ཞིང་། 《 རྨང་གཞིའི་སློབ་གསོའི་བསླབ་ཚན་སྒྱུར་བཅོས》བྱས་པའི་དགོངས་དོན་གཞིར་བཟུང་བསླབ་གཞིའི་ནང་དོན་མི་ཉུང་བ་ཞིག་ལ་འགྱུར་བ་ཆེན་པོ་བྱུང་ཡོད་པས་རྒྱུགས་ཤོག་འདོན་མཁན་གྱིས་ངེས་པར་དུ་བསླབ་གཞིའི་ནང་དོན་ལ་རྒྱུས་མངའ་ཡག་པོ་ལོན་ཏེ། བསླབ་གཞིའི་ནང་དོན་གྱི་དམིགས་ཡུལ་རྟོགས་པ་དང་བསླབ་གཞིའི་ནང་དོན་གྱི་གཙོ་གནད་འབུར་དུ་ཐོན་པ་དགོས་ལ་རྒྱུགས་ཤོག་འདོན་པའི་རྩ་འཛིན་དམ་སྲུང་བྱ་དགོས།

    2. སློབ་མར་རྒྱུས་མངའ་ཡག་པོ་ལོན་ཏེ་རྒྱུགས་ཚད་ཀྱི་ནང་དོན་དང་སློབ་མའི་ཤེས་ཚད་གཉིས་ཀྱི་བསྡུར་བ་དོ་སྙོམས་ཡོང་བ་བྱ་དགོས།

    དེ་ཡང་རྒྱུགས་ཚད་གཏོང་བའི་དམིགས་ཡུལ་ནི་སློབ་མ་ཚོས་སྦྱངས་ཟིན་པའི་ཤེས་བྱ་སྲ་བརྟན་གཏོང་ཆེད་དང་ཁོང་དུ་ཆུད་ཡོད་མེད་ཕྱོགས་བསྡུས་རང་བཞིན་གྱིས་ཞིབ་བཤེར་བྱེད་པ་ཞིག་དང་། སློབ་མ་སྤྱི་ཡོངས་ཀྱི་ལེགས་ཉེས་དབྱེ་བ་འབྱེད་པའི་ཚད་རྒྱུགས་ཤིག་ཀྱང་ཡིན་པས་རྒྱུགས་ཚད་ཀྱི་ནང་དོན་དཀའ་སླ་འཚམ་པོ་འདོན་རྒྱུ་ནི་ཧ་ཅང་གལ་འགངས་ཆེའོ།

    1. རྒྱུགས་ཤོག་གི་ནང་དོན་ཁག་དྲགས་རྒྱུ་མེད། རྒྱུགས་ཤོག་གི་ནང་དོན་ཁག་དྲགས་ཚེ་སློབ་མའི་བསམ་གཞིག་གི་ནུས་པ་དང་རྒྱང་ཐག་ཆོད་ནས་རིག་སྟོབས་ཞན་པའི་སློབ་མས་བསྒྲུབ་རྒྱུ་ལྟ་ཅི་ཐ་ན་རྨང་གཞི་ཡག་པའི་སློབ་མས་ཀྱང་སྒྲུབ་མི་ཐུབ་པར་ཐ་མའི་སྦྱངས་འབྲས་ཞན་པོ་གཅིག་མཚུངས་སུ་འགྱུར་ནས་ཕྱོགས་སྡོམ་ལེགས་ཉེས་དབྱེ་འབྱེད་མི་ཐུབ་པ་མ་ཟད། སློབ་མ་ཚོའི་རྒྱུན་གཏན་ནས་སློབ་སྦྱོང་བྱེད་སེམས་ཉམས་ཞན་དུ་འགྲོ་གི་ཡོད།

    2. རྒྱུགས་ཤོག་གི་ནང་དོན་ལས་སླ་དྲགས་རྒྱུའང་མེད་། དེ་ཡང་རྒྱུགས་ཤོག་གི་ནང་དོན་ཚང་མ་ལས་སླ་དྲགས་ན་རྨང་གཞི་ཡག་ཉེས་ཚང་མར་དཀའ་ཚེགས་མེད་པར་གྱུར་ནས་ཐ་མའི་སྦྱངས་འབྲས་མཐོ་པོ་ཤ་སྟག་ཡོང་གི་ཡོད། “མ་གཞི་ཡོས་ལ་འབབ་རྒྱུ་རྩམ་པ”ཞེས་བཤད་རྒྱུན་ཡོད་རུང་སློབ་མ་ཕན་ཚུན་ལེགས་ཉེས་དབྱེ་འབྱེད་མི་ཐུབ་པ་མ་ཟད་རྨང་གཞི་ལེགས་པའི་སློབ་མའི་བསམ་གཞིག་ནུས་པ་དང་དགའ་སྣང་ཉམས་ཞན་དུ་འགྲོ་རྒྱུ་ཡིན་ལ་ཐ་ན་སློབ་མ་སྤྱི་ཡོངས་ཀྱི་བསམ་གཞིག་དང་བློ་སྒོ་འབྱེད་པའི་ནུས་པའང་གསོ་སྐྱོང་བྱེད་མི་ཐུབ།

    3. རྒྱུགས་ཤོག་གི་ནང་དོན་མང་ཉུང་དང་དུས་ཚོད་མང་ཉུང་གི་བསྡུར་ཚད་འཚམ་པོ་དགོས། སྤྱིར་སློབ་གྲྭ་འབྲིང་ཆུང་ནང་ཚད་ལྡན་གྱི་རྒྱུགས་ཚད་ཅིག་ཡིན་ན་བོད་ཡིག་དང་རྒྱ་ཡིག་ལ་དུས་ཚོད་སྐར་མ་120དང་རྩིས་རིག་ལ་སྐར་མ་90འཇོག་གི་ཡོད་པས་དུས་ཚོད་མང་ཉུང་གི་ཚད་གཞི་དེར་གཞིགས་ནས་ནང་དོན་མང་ཉུང་ལ་དོ་སྣང་བྱ་དགོས་ཏེ། དང་ཐོག་ནང་དོན་མང་དྲགས་རྒྱུ་མེད། རྒྱུགས་ཤོག་འདོན་མཁན་ཁག་གཅིག་གིས་རང་རང་གི་འདོད་པས་བསླབ་གཞིའི་ནང་དོན་མང་ཆེ་བ་རྒྱུགས་ལེན་རྒྱུ་བྱུང་ན་ཅི་མ་རུང་སྙམ་པའི་བློས་བསྐུལ་ཏེ་རྒྱུགས་ཤོག་གི་ནང་དོན་མང་དྲགས་པའི་གནས་ཚུལ་ཡོང་གི་ཡོད། ནང་དོན་མང་དྲགས་ན་སློབ་མ་རེ་གཉིས་ཀྱིས་རྒྱུགས་ཤོག་གི་ནང་དོན་ཆ་ཚང་ལེགས་སྒྲུབ་ཐུབ་པ་ཕུད། སློབ་མ་མང་ཆེ་བས་ལེགས་སྒྲུབ་མི་ཐུབ་པར་གཅིག་ནས་ཡིག་གཟུགས་དང་དག་ཆ་ཡག་པོ་མ་བྱུང་བར་སྤུས་ཚད་ལ་སྐྱོན་ཆེན་པོ་རྒྱག་གི་ཡོད། གཉིས་ནས་རྒྱུགས་ཤོག་གི་ནང་དོན་ཉུང་དྲགས་རྒྱུ་མེད། ནང་དོན་ཉུང་དྲགས་ན་བསླབ་གཞིའི་ནང་དོན་གྱི་གཙོ་གནད་ཆ་མི་ཚང་ལ་རྒྱུགས་ཤོག་གི་ནང་དོན་ཕུན་སུམ་ཚོགས་པོ་ཞིག་ཡོང་རྒྱུ་ནི་དེ་བས་གླེང་ཐབས་བྲལ་བས་སློབ་མ་ཚོས་རྒྱུགས་ཚད་ཀྱི་བྱ་བར་ངོས་འཛིན་གསལ་པོ་ཞིག་ཡོང་མི་ཐུབ།

    དེས་ན་རྒྱུགས་ཤོག་འདོན་མཁན་གྱིས་རྒྱུགས་ཚད་ཀྱི་དཀའ་སླའི་བསྡུར་ཚད་སྙོམས་པོ་དགོས་པ་དང་ལྷག་པར་དུ་ནང་དོན་མང་ཉུང་དང་དུས་ཚོད་མང་ཉུང་གི་བསྡུར་ཚད་དོ་སྙོམས་པོ་ཡོང་བ་བྱ་དགོས་པ། སློབ་མའི་སེམས་ཁམས་ཀྱི་ཁྱད་ཆོས་སོགས་ལེགས་པར་རྟོགས་པ་བྱས་ཏེ་ནང་དོན་ཕུན་སུམ་ཚོགས་པོ་དང་སློབ་མའི་དོན་དངོས་དང་མཐུན་པ་ཞིག་ཡོང་བ་བྱ་རྒྱུ་ནི་དེ་བས་གལ་འགངས་ཆེ།

    གཉིས་པ། རྒྱུགས་ཤོག་བཟོ་བཅོས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།

    རྒྱུགས་ཚད་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་བཟོ་བཅོས་མི་སྣས་གཤམ་གྱི་གནད་དོན་ལ་དོ་སྣང་བྱེད་དགོས།

    གཅིག ཕྱོགས་གཅིག་གིས་ཕྱོགས་ཡོངས་ལ་ཚད་འཛིན་ཕྱོགས་སྡོམ་བྱེད་མི་རུང་། དེ་ཡང་རྒྱུགས་ཤོག་བཟོ་མཁན་གྱིས་ནན་ཏན་ཞིབ་ཚགས་བྱེད་པ་ལས་ཁྲལ་སེལ་སླ་བཅོས་བྱེད་མི་རུང་། སློབ་མ་ཚང་མའི་རྣམ་ཀུན་གྱི་རིག་སྟོབས་དྲག་ཞན་དང་ཁྱད་ཆོས་མི་འདྲ་བར་གཞིགས་ནས་སློབ་མ་ཚོས་བྲིས་པའི་ནང་དོན་མི་འདྲ་ལ་ཡིག་གཟུགས་ཡག་ཉེས་ནི་དེ་བས་ག་ལ་མཚུངས། དེར་བརྟེན་རྒྱུགས་ཤོག་བཟོ་མཁན་གྱིས་ཡིག་གཟུགས་ཡག་ཉེས་དང་ཁམས་གཙང་ལོས་ལས་ནང་དོན་ལེགས་ཉེས་ཐད་ཀར་དབྱེ་འབྱེད་བྱེད་མི་རུང་། ལྷག་པར་དུ་སྐད་ཡིག་རྒྱུགས་ཤོག་ནང་གི་རྩོམ་ཡིག་བཟོ་བཅོས་བྱེད་སྐབས་སློབ་མ་ཁག་གཅིག་གི་ཡིག་གཟུགས་དང་། ནང་དོན། དག་ཆ་སོགས་ཚང་མ་ཡག་པོ་ཡོད་པ་དང་། སློབ་མ་ཁག་གཅིག་གི་ཡིག་གཟུགས་ཡག་རུང་ནང་དོན་དེ་ཙམ་ཡག་པོ་མེད་པ་དང་ཡང་ཁག་གཅིག་ཡིག་གཟུགས་དེ་ཙམ་གྱིས་ཡག་པོ་དང་ཁམས་གཙང་མ་མེད་རུང་ནང་དོན་ལེགས་པ་སོགས་ཀྱི་ཁྱད་ཆོས་མི་འདྲ་བ་སྣ་ཚོགས་ཡོད། རྒྱུགས་ཤོག་མང་པོ་བཟོ་སྐབས་ཁྲལ་སེལ་སླ་བཅོས་ཀྱིས་རྩོམ་ཡིག་གི་མགོ་དང་མཇུག་ཀློག་པར་བརྟེན་ནས་ནང་དོན་ཡོངས་ཀྱི་ལེགས་ཉེས་ཚད་འཛིན་དབྱེ་འབྱེད་བྱེད་མི་རུང་། རྩོམ་ཡིག་གི་བར་དུ་འགོ་བརྗོད་དང་འབྲེལ་བ་མེད་པའམ་ཐ་ན་རྒྱབ་འགལ་དུ་སོང་བའི་ཚིག་རྙོག་ཡང་ཡོང་སྲིད་པས་རྒྱུགས་ཤོག་བཟོ་མཁན་གྱིས་རྩོམ་ཡིག་གི་མགོ་ནས་མཇུག་བར་ནན་ཏན་ཞིབ་ཚགས་ཀྱིས་བཀླགས་ཏེ་ནང་དོན་དང་། ཡིག་གཟུགས། ཁམས་གཙང་ལོས་སོགས་ཚང་མར་སྐར་མ་བགོ་འགྲེམས་བྱས་ནས་ཐོབ་སྐར་གཏན་འཁེལ་བྱ་རྒྱུ་ནི་གལ་འགངས་ཆེ།

    གཉིས། རང་རང་གི་ལྟ་བ་མཁྲེགས་སྲུང་བྱ་མི་རུང་། ཁ་རྒྱུན་དུ“ལུང་པ་རེ་ལ་སྐད་རེ་ཡོད། བླ་མ་རེ་ལ་ཆོས་རེ་ཡོད”ཅེས་པ་ལྟར་སློབ་ཁྲིད་པ་མི་འདྲ་བ་སོ་སོའི་འཁྲིད་ཐབས་དང་སྐད་ཆ་ཤོད་སྟངས་སོགས་ཚང་མ་པར་བརྒྱབ་པ་བཞིན་གཅིག་མཚུངས་ཡོང་ག་ལ་སྲིད། དེས་ན་སློབ་མ་ཚོས་དྲི་བར་ལན་རྒྱག་སྟངས་ཀྱང་མི་འདྲ་བ་མང་པོ་ཡོང་སྲིད་པ་དཔེར་ན། ལུས་ལ་རྒྱན་ཆ་ལས། བློ་ལ་ཤེས་བྱ་དགའ། ཞེས་པའི་གཏམ་དཔེའི་བསྟན་དོན་ལ་འགྲེལ་བཤད་རྒྱག་སྟངས་ངོས་ནས་ཆ་བཞག་ན། འགའ་རེས་ཕྱི་མཛེས་ནང་སྟོང་བྱེད་མི་རུང་བ་བསྟན་ཞེས་འགྲེལ་སྲིད་ལ་ཡང་འགའ་རེས་རྒྱན་ཆ་ལས་ཤེས་བྱ་གལ་ཆེ་བ་ཡོད་པ་བསྟན་ཞེས་འགྲེལ་སྲིད། ཡང་འགའ་རེས་ཤེས་བྱ་སྦྱོང་དགོས་པའི་གལ་ཆེའི་རང་བཞིན་བསྟན་ཞེས་པ་སོགས་ཀྱི་དཔྱད་ལན་མི་ཉུང་བ་ཞིག་ཡོང་སྲིད་པས་རྒྱུགས་ཤོག་བཟོ་མཁན་གྱིས་འདྲི་གཞི་དེ་གའི་ཕྱོགས་ཡོངས་ལ་བསམ་གཞིག་དོ་ནན་བྱ་དགོས་པ་ལས་རང་ཉིད་ཀྱིས་རེད་སྙམ་པའི་དྲིས་ལན་ནམ་དཔྱད་གཞིའི་དྲིས་ལན་ཁོ་ནར་གཞི་འཛིན་མི་རུང་སྙམ། དེ་ལྟར་རྒྱུགས་ཤོག་འདོན་པ་དང་བཟོ་བའི་ལས་དོན་དེར་གཙིགས་འཛིན་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཡིན་པ་བློ་ཆུང་ཁོ་མོས་དཔྱད་ཁུལ་བྱས་པ་ཡིན་པས་འདིར་ཐོན་པའི་འགལ་འཁྲུལ་ཅི་རིགས་ལ་གཟུར་གནས་མཁས་དབང་རྣམ་པས་དགོངས་འཆར་ལྷུག་སྩོལ་ཡོད་པར་མཁྱེན་མཁྱེན།

                                        (གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་སློབ་ཆུང་གི་ངག་དབང)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།