དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་བ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་གྱིས“ཚན་རྩལ་ལ་བརྟེན་ནས་དམངས་འཚོར་ཕན་འདོགས་པ་དང་། ཚན་རྩལ་ལ་བརྟེན་ནས་དམངས་ཕྱུག་གྲོང་དར་ཡོང་བ། ཚན་རྩལ་ལ་བརྟེན་ནས་མཐའ་བརྟན་བོད་དར་ཡོང་བ་བྱེད་པའི”དམིགས་ཚད་ལ་དམ་པོར་དམིགས་ནས་བློ་སྐྱོར་དང་། ལག་རྩལ་གོང་མཐོར་གཏོང་བ། ཐབས་ཇུས་འདོན་པ་བཅས་དམ་འཛིན་བྱ་གཞིར་བྱས་ཏེ་ཚན་རྩལ་དབུལ་སྐྱོར་ཕྱོགས་ཡོངས་ནས་ལག་ལེན་བསྟར་བས་མང་ཚོགས་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་ལག་རྩལ་གྱི་སྟོབས་ཤུགས་མཁོ་འདོན་དང་དབུལ་སྒྲོལ་འགག་སྒྲོལ་ལ་ཚན་རྩལ་གྱི་འདེགས་སྐྱོར་ཐུབ་ཡོད།
བློ་སྐྱོར་བྱེད་པར་རང་ངོས་སྟོབས་ཆེར་བཏང་ནས་མང་ཚོགས“དབུལ་སྒྲོལ་ཐུབ་རྒྱུར”སྣེ་ཁྲིད་བྱས་ཤིང་། གཞིས་རྩེ་གྲོང་ཁྱེར་གྱིས《ཚན་རྩལ་གྱིས་གནད་སྨིན་དབུལ་སྐྱོར་ལ་འདེགས་སྐྱོར་བྱེད་པའི་འདུ་འགོད་ལག་བསྟར་ཇུས་གཞིའི》བླང་བྱར་གཞིགས་ནས་ཆེད་ལས་ཀྱི་ལག་རྩལ་མཐུན་ཚོགས་དང་ཚན་རྩལ་རིགས་གཅིག་མཁས་ཅན་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་གསེབ་ཀྱི་ཉེར་སྤྱོད་ལག་རྩལ་གསོ་སྦྱོང་ཏན་ཏིག་བྱས་པ་དང་། ཞིང་འབྲོག་པའི་ཚན་རྩལ་ཆེད་བསྐོས་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཞིང་འབྲོག་པ་སྒྲིག་འཛུགས་ཀྱིས་ཉི་འོད་ནུས་པའི་མ་ལག་སྒྲིག་ཆས་ཉམས་བཟོའི་ལག་རྩལ་དང་། འདྲུད་འཐེན་འཁོར་ལོ་ཉམས་བཟོའི་རྩལ་ནུས། དྲོད་ཁང་ཆེ་མོའི་སྔོ་ཚལ་གྱི་སྣེ་ཁ་གསར་པའི་དཔེ་སྟོན་འདེབས་འཛུགས་ལག་རྩལ་སོགས་གསོ་སྦྱོང་བྱས་པས་མི་100ལ་ཕན་པ་ཐོབ་ཡོད་པ་རེད།
ལག་རྩལ་གོང་མཐོར་གཏོང་བར་རང་རྐྱ་འཕེལ་ཐུབ་པ་བྱས་ནས་མང་ཚོགས“དབུལ་སྒྲོལ་ཐུབ་རྒྱུར”འདེགས་སྐྱོར་བྱས་ཤིང་། གཞིས་རྩེ་གྲོང་ཁྱེར་གྱིས་དོན་དངོས་ལ་གཞི་ཚུགས་ནས“ཇོ་མོ་གླང་མའི་འདེབས་གསོ་སྣོན་གསུམ”གྱི་ཐོན་ལས་དང་ཟུང་འབྲེལ་བྱས་ཏེ་ཚན་རྩལ་ལ་བརྟེན་ནས་དབུལ་སྐྱོར་ཐོན་ལས་ལ་ཞབས་ཞུ་བྱས་ཡོད། ནས་དང་། བཟའ་བྱའི་ཤ་མོ། སྔོ་ཚལ། རྩྭ་ལས། བཤས་ལུག་སོགས་ཀྱི་ལག་རྩལ་ཁྱབ་གདལ་བེད་སྤྱོད་དང་ཐོན་མཐོའི་ལག་རྩལ་འདུས་གྲུབ་ཀྱི་དཔེ་སྟོན་ནས་འགོ་བཙུགས་ཏེ་ཚན་རྩལ་ལ་བརྟེན་ནས་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ“བོད་ནས་ཨང་2000པ”དང“ཧི་མ་ལ་ཡ་རྟགས་ཅན་ཨང་22པ”ཁྱབ་གདལ་གཏོང་རྒྱུ་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་པ་དང་། “གཙང་པ་རྟགས་ཅན”གྱི་ཚགས་ཤའི་སྟབས་བདེའི་ནས་ཐུག་དང་། ནས་བག་སོགས་ཀྱི་ཐོན་རྫས་ཞིབ་བཟོ་གསར་སྤེལ་བྱས་པ། དུག་སེལ་བྱས་པའི་ཞོག་ཁོག“200905”ཡི་སྣེ་ཁ་བཅས་ལ་རང་སྐྱོང་ལྗོངས་ཀྱི་སྣེ་ཁ་ཞིབ་དཔྱད་ཨུ་ལྷན་གྱིས་ཞིབ་བཤེར་གཏན་འབེབས་བྱས་པ་དང་། ས་ཕུའུ་ཁེ་ལུག་དང་ཅོན་ཧྲན་བ་ཕྱུགས་སོགས་གཞི་ཁྱོན་ཅན་གྱི་ནུས་ཆེའི་གསོ་སྤེལ་དང་། མི་ཐབས་ལ་བརྟེན་ནས་གཟན་རྩྭ་འདེབས་འཛུགས། ནོར་ལུག་གི་དུས་ཐུང་རྒྱགས་གསོ་སོགས་ཀྱི་ལག་རྩལ་ནང་འདྲེན་ཧུར་ཐག་བྱས་ཏེ་རྣམ་གླིང་རྫོང་དུ་རྩྭ་འདེབས་ལས་རིགས་ཀྱི་ཕྱོགས་བསྡུས་ཚོད་ལྟའི་ས་ཚིགས་བསྐྲུན་ནས་འབུ་སུ་ཧང་སྨུག་སྐྱ་སོགས་ལྗོངས་ཕྱི་ནང་གི་གཟན་རྩྭ་སྤུས་ལེགས་སྣེ་ཁ་76ནང་འདྲེན་བྱས་པ་རེད། ཁྱད་ལྡན་ཐོན་ལས་རྟེན་གཞི་དང་། ཐོན་ལས་ལག་རྩལ་གསར་གཏོད་མནའ་འབྲེལ། ཚན་རྩལ་ཁེ་ལས་གསོ་སྐྱོང་སོགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རང་བརྟེན་ལས་གཏོད་ཀྱི་དངོས་ཚན་ཁག་གཅིག་སྐྱེད་སྲིང་ཧུར་ཐག་བྱས་ཤིང་། མིག་སྔར“གཉིས་གཏོད”ལས་སྟེགས་དེ་ཁེ་ལས་18ལ་དངོས་སུ་བཙུགས་ནས་ཁེ་ལས་5སྐྱེད་སྲིང་བྱས་པ་རེད།
ཐབས་ཇུས་འདོན་རྒྱུ་རང་མོས་བྱས་ཏེ་མང་ཚོགས་ཀྱིས“དབུལ་སྒྲོལ་བརྩོན་ལེན་བྱ་རྒྱུར”སྐུལ་འདེད་བཏང་ཞིང་། མང་ཚོགས་ཀྱི་འདོད་མོས་ལ་བརྩི་འཇོག་དང་། བབ་དང་བསྟུན་ནས་མངགས་བཟོ། གནད་སྨིན་ཐབས་ཇུས་ལག་བསྟར་བཅས་བྱས་ནས་ས་གནས་ཀྱི་ཁྱད་ལྡན་དཔལ་འབྱོར་དང་ཀ་རྟེན་ཐོན་ལས་སྐྱེད་སྲིང་དང་འདེགས་སྐྱོར་ཤུགས་ཆེན་བྱས་ཡོད། རང་སྐྱོང་ལྗོངས་ཀྱིས་ས་གནས་ཀྱི་ཚན་རྩལ་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བྱེད་པའི་ཆེད་དོན་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་མ་དངུལ་བསྡོམས་སྒོར་ཁྲི་570བཏང་སྟེ་པ་སྣམ་གྱི་ལྗང་མདོག་སྔོ་ཚལ་ལག་རྩལ་དཔེ་སྟོན་དང་། རྒྱལ་རྩེ་རྫོང་གི་ཤ་མོའི་ཐོན་ལས། ལྷ་རྩེའི་ཤིས་ཀྭ་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གི་འགག་རྩའི་ལག་རྩལ། བཞད་མཐོང་སྨོན་རྫོང་གི་བལ་རྒྱུའི་ཉལ་ཆས་ལས་སྣོན་དཔེ་སྟོན། ས་སྐྱ་རྫོང་གི་ཁྱད་ལྡན་བོད་བྱ་གསོ་སྤེལ་ལག་རྩལ་དཔེ་སྟོན། ཁང་དམར་རྫོང་གི་མི་ཐབས་ཀྱི་གཟན་རྩྭ་འདེབས་འཛུགས་དཔེ་སྟོན་ལག་རྩལ་བཅས་རྣམ་གྲངས་6དོན་འཁྱོལ་བྱས་པ་དེ་དག་གྲོང་ཚོ་14ལ་ཁྱབ་པ་དང་མང་ཚོགས་དབུལ་པོ་633ལ་འབབ་འཕར་ཐུབ་རྒྱུར་སྣེ་ཁྲིད་བྱས་ཡོད། རྨང་བརྟན་དམངས་ཕན་གྱི་ཚན་རྩལ་ཁྱབ་གདལ་གྱི་བྱ་སྤྱོད་རྣམ་གྲངས་24དོན་འཁྱོལ་ཡག་པོ་བྱས་ནས་འདེབས་འཛུགས་གསོ་སྤེལ་དང་ཁྱད་ལྡན་ལས་སྣོན་སོགས་འབབ་འཕར་ཐོན་འཕར་ཡོང་བའི་ལག་རྩལ་གསར་པ་དང་སྣེ་ཁ་གསར་པ་ཁྱབ་གདལ་ཤུགས་ཆེན་བཏང་ཞིང་། མིག་སྔར་རྫོང(ཆུས)18ལ་ཁྱབ་ནས་ཞིང་འབྲོག་པ་དུད་ཚང་1311ལ་སྣེ་ཁྲིད་བྱས་པས་དུད་ཚང་རེར་འབབ་འཕར་སྒོར་500བྱུང་ཡོད་པ་རེད།