ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཀྲུང་གོ་ཚན་རིག་མཐུན་ཚོགས་ཀྱི་ལག་གདང་མཉམ་སྦྲེལ་གྱི་ཚན་རིག་ཁྱབ་གདལ་གྱི་སྙན་ཞུ(བོད་དུ་སྐོར་སྐྱོད་གཏམ་བཤད)བྱེད་སྒོ(གཤམ་ལ་ཚན་རིག་ཁྱབ་གདལ་གྱི་སྐོར་སྐྱོད་གཏམ་བཤད་ཅེས་བསྡུ་རྒྱུ)ཉེ་ཆར་ལྷ་སར་སྤེལ་འགོ་ཚུགས་པ་རེད། ཉིན་ཤས་བསྟུད་མར་ཀྲུང་གོ་ཚན་རིག་ཁང་གི་ཚན་རིག་མཁས་ཅན་རྒན་གྲས་ཀྱི་ཚན་རིག་ཁྱབ་གདལ་གྱི་གཏམ་བཤད་ཚོགས་པའི་ཚན་རིག་མཁས་ཅན་6གིས་ལྷ་ས་གྲོང་ཁྱེར་སློབ་འབྲིང་བཞི་པ་དང་། ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོ། ལྷ་ས་སློབ་འབྲིང་སོགས་སློབ་གྲྭ་6ལ《ངོ་མཚར་ཆེ་བའི་མི་ཞུགས་འཇིག་རྟེན་འཕུར་གྲུ》དང་། 《ལང་ཚོའི་དུས་སྐབས་ནི་མི་ཚེའི་བརྒྱུད་དགོས་ངེས་ཀྱི་ལམ་བུ——ངོ་མཚར་ཆེ་བའི་འགྱུར་ལྡོག》《གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་བྱེད་སྒོའི་གྱོད་དཔེ་དབྱེ་ཞིབ》སོགས་ཀྱི་ཚན་རིག་ཁྱབ་གདལ་གྱི་སྙན་ཞུ་སྤེལ་བ་དང་ཆབས་ཅིག ས་གནས་དེ་གའི་སློབ་གྲྭ་འབྲིང་ཆུང་གི་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་དང་ཐག་ཉེ་ས་ནས་ཚན་རིག་ཁྱབ་གདལ་གྱི་སྤེལ་རེས་བྱས་པ་རེད།
ད་ཐེངས་ཀྱི་ཚན་རིག་ཁྱབ་གདལ་གྱི་སྐོར་སྐྱོད་གཏམ་བཤད་བྱེད་སྒོ་ནི་ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་གཞོན་ནུ་ལོ་ཆུང་གི་ཚན་རྩལ་ལྟེ་གནས་དང་། བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་བཅས་ཀྱིས་གཙོ་གཉེར་བྱས་པ་ཞིག་རེད། བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་བོད་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་གི་དགའ་སྣང་འཕེལ་བ་དང་། གཞོན་ནུ་ལོ་ཆུང་གིས་ཚན་རིག་ལ་བརྩི་མཐོང་བྱ་རྒྱུར་ཁྲིད་སྟོན། གཞོན་ནུ་ལོ་ཆུང་གིས་སེམས་ཐག་གཙང་བཅད་ཀྱིས་ཚན་རིག་ཞིབ་འཇུག་གི་བྱ་གཞག་ནང་ཞུགས་རྒྱུར་ལྕག་སྐུལ་བྱེད་པ། གཞོན་ནུ་ལོ་ཆུང་གི་ཚན་རིག་གི་སྙིང་སྟོབས་དང་། གསར་གཏོད་ཀྱི་འདུ་ཤེས། ལག་ལེན་གྱི་ནུས་པ་བཅས་གསོ་སྐྱོང་བྱས་ཏེ་ཚན་རྩལ་གསར་གཏོད་ཀྱི་རྗེས་གྲབས་ཤེས་ལྡན་པ་གསོ་སྐྱོང་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་ཆེད་རེད།
ད་ཐེངས་ཀྱི་ཚན་རིག་ཁྱབ་གདལ་གྱི་སྐོར་སྐྱོད་གཏམ་བཤད་བྱེད་སྒོའི་རིང་། ཚན་རིག་མཁས་ཅན་ཚོས་ལྷ་ས་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར། གཞིས་རྩེ་གྲོང་ཁྱེར་བཅས་ཀྱི་སློབ་གྲྭ་འབྲིང་ཆུང་24ལ་ཚན་རིག་ཁྱབ་གདལ་གྱི་སྐོར་སྐྱོད་གཏམ་བཤད་ཀྱི་བྱེད་སྒོ་ཐེངས་24སྤེལ་ནས་ཚན་རིག་མཁས་ཅན་དང་ངོ་ཐུག་གདོང་འཕྲད་ངང་སྤེལ་རེས་བྱས་པ་བརྒྱུད། གཞོན་ནུ་ལོ་ཆུང་གི་ཚན་རིག་གི་དགའ་སྣང་འཕེལ་བ་དང་། ཚན་རིག་གི་མཐོང་རྒྱ་ཆེ་རུ་གཏོང་བ། ཚན་རིག་བསམ་གཞིག་གི་བློ་སྒོ་འབྱེད་པ། ཚན་རིག་གི་སྙིང་སྟོབས་སྐྱེད་སྲིང་བཅས་བྱས་ཏེ་ན་སོ་དར་ལ་མ་བབས་པའི་མི་ཕྱོགས་ཡོངས་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།