དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ལྗོངས་ཧྭ་ཡུས་གཏེར་ལས་མ་རྐང་ཚད་ཡོད་ཀུང་སིས་ཆུ་གསུམ་རྫོང་གི་ཞིང་འབྲོག་པར་རྩལ་ནུས་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-09-26

    ཉེ་ཆར། “ཧྭ་ཡུས་གཏེར་ལས་ཀྱིས་ཆུ་གསུམ་རྫོང་གི་ཞིང་འབྲོག་པར་རོགས་སྐྱོར་བྱེད་པའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭའི་འགོ་ཚུགས་མཛད་སྒོ”བོད་ལྗོངས་སྐྱིད་གསར་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭར་དུས་བཀག་ལྟར་འཚོགས་པ་རེད། བོད་ལྗོངས་ཧྭ་ཡུས་གཏེར་ལས་མ་རྐང་ཚད་ཡོད་ཀུང་སིས་ཆུ་གསུམ་རྫོང་གི་ཞིང་འབྲོག་པར་རོགས་སྐྱོར་བྱེད་པའི་རྩལ་ནུས་གསོ་སྦྱོང་ནི་དམངས་གཉེར་ཁེ་ལས་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་སྐྱོར་བྱེད་པའི”གནས་སྨིན་དབུལ་སྐྱོར་གྱི་བྱ་སྤྱོད་ལག་ལེན་བསྟར་བའི་ཞིབ་ཕྲའི་བྱེད་ཐབས་ཤིག་རེད། གསོ་སྦྱོང་བྱས་པ་བརྒྱུད་ཞིང་འབྲོག་པས་རྩལ་ནུས་ཁོང་དུ་ཆུད་པ་མ་ཟད། ལས་ཞུགས་ཀྱང་ཐུབ་ནས“མི་གཅིག་ལས་ཞུགས་ཐུབ་ན་ཁྱིམ་ཚང་ཚང་མ་དབུལ་སྒྲོལ་ཐུབ་པའི”དམིགས་ཚད་མངོན་འགྱུར་བྱུང་བས། ལྗོངས་ཡོངས་ཀྱི་གནད་སྨིན་དབུལ་སྐྱོར་ལས་དོན་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།

    ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭ་ནི་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་བོད་ལྗོངས་ཧྭ་ཡུས་གཏེར་ལས་དགེ་སྒྲུབ་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་སྒོར་ཁྲི་67.5བཏང་ནས་བོད་ལྗོངས་སྐྱིད་གསར་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭར་མངགས་བཅོལ་བྱས་ཏེ་གཉེར་བའི་རྩལ་ནུས་དབུལ་སྐྱོར་གྱི་བྱེད་སྒོ་ཞིག་རེད། བྱེད་སྒོ་དེས་ཆུ་གསུམ་རྫོང་གི་ཞིང་འབྲོག་པ་90ལ་དུས་ཡུན་ཟླ་བ་གཅིག་རིང་རྐོ་འདྲུའི་འཕྲུལ་འཁོར་བཀོལ་སྤྱོད་བྱེད་སྟངས་གསོ་སྦྱོང་བྱ་རྒྱུ་རེད། ཆུ་གསུམ་རྫོང་འདི་ཉིད་ཧྭ་ཡུས་གཏེར་ལས་ཀྱི་ཏུང་ཧྲི་ཀྲང་ལིའུ་ཅན་ཅུན་གྱི་འབྲེལ་ལམ་འཛུགས་པའི་ཁ་གཏད་རྫོང་ཡིན་པའི་ངོས་ནས་ད་ཐེངས་ཀྱི་རྩལ་ནུས་དབུལ་སྐྱོར་གྱི་ཞལ་འདེབས་ཕུལ་བ་རེད། གསོ་སྦྱོང་རིང་བོད་ལྗོངས་སྐྱིད་གསར་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭས་བཟའ་སྡོད་གཉིས་ཀ་འགན་ལེན་བྱ་རྒྱུ་མ་ཟད། གསོ་སྦྱོང་གི་ཚད་གཞི་ལོན་རྗེས་སློབ་མཇུག་འགྲིལ་བའི་ལག་ཁྱེར་ཡང་སྤྲོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།