རྣམ་ཀུན་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ཁྲོད། སློབ་མ་རེ་འགས་སློབ་ཚན་ཀློག་སྐབས་བྱེད་འབྲེལ་གྱི་ཕྲད་གསལ་པོར་འདོན་མི་ཐུབ་པ་དང་། རྗེས་འཇུག་གི་སྒྲ་རན་པོར་འདོན་མི་ཐུབ་པ། དབྱངས་གི་གུ་དང་འགྲེང་བུ་ཞུགས་པའི་ཡི་གེའི་སྒྲ་གཅིག་ཏུ་ཀློག་པ། གཅོད་མཚམས་མི་གསལ་བ། བསྡུས་ཀློག་ཡག་པོ་མི་ཤེས་པ། སློབ་མ་མང་པོར་གཏད་དེ་དཔེ་ཀློག་མི་ནུས་པ། བློར་འཛིན་དགོས་པའི་ནང་དོན་དག་ཇི་བཞིན་དུ་ཀློག་མི་ཐུབ་པས་བློ་འཛིན་མི་ཐུབ་པ། བློར་འཛིན་ཐུབ་པའི་དབང་དུ་བཏང་ནའང་འབྲི་ཀློག་ཡག་དག་མི་ཐུབ་པ་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད། དེས་དམའ་འབྲིང་སློབ་མར་དཔེ་ཀློག་གི་སྦྱོང་བརྡར་སྤྲོས་དགོས་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ལགས། དཔེ་དེབ་ནི་མིའི་རིགས་ཀྱི་གྲོགས་པོ་ཡག་ཤོས་ཤིག་རེད། དཔེ་དེབ་ཀློག་པ་བརྒྱུད་མིང་ཚིག་མང་དག་ཅིག་གསོག་འཇོག་ཐུབ་པ་མ་ཟད། བརྡ་སྤྲོད་ཀྱི་ནུས་པ་གོང་མཐོར་གཏོང་བ་དང་། ཤེས་རྒྱ་ཇེ་ཆེར་གཏོང་བ། མིག་རྒྱང་ཇེ་རིང་དུ་གཏོང་བ་སོགས་མདོར་ན་མཁས་པ་གོང་མ་དག་གི་ཕྲག་པར་ཐེམ་སྐས་བཅོས་ནས་རང་ཉིད་ཀྱི་མི་ཚེ་འགོ་འཛུགས་ཐུབ། དེ་བཞིན་བོད་ཡིག་དཔེ་ཀློག་གི་འཇོན་ཐང་གོང་མཐོར་སོང་ཚེ་བོད་ཡིག་གི་ཤེས་བྱ་གང་མང་ཤེས་ཐུབ། འོན་ཀྱང་དཔེ་ཀློག་གི་ནུས་པ་ཞན་ཚེ་དེའི་ནང་དོན་ཇི་བཞིན་དུ་རྟོགས་ཐབས་བྲལ། ད་དུང“ང་ན། ཚ་མེད། གཡག་རྔ་དཀར་ཤི”ལྟ་བུའི་གཏམ་རྒྱུད་ཀྱི་རྒྱུན་བསྐྱངས་དགོས་ཚེ་ཤིན་ཏུ་ངོ་གནོངས་དགོས་པའི་གནད་ཅིག་ཏུ་མཐོང་། སློབ་གྲྭ་འབྲིང་ཆུང་གི<<སྐད་ཡིག་བསླབ་ཚན་གྱི་ཚད་གཞིའི>>ནང“ལོ་དགུའི་སློབ་ཕྱིའི་ལྟ་ཀློག་གི་སྤྱིའི་ཚད་ཚེག་ཁྱིམ་ཁྲི་250ལོངས་དགོས”ཞེས་དང་། དམའ་འབྲིང་སློབ་མས“གསལ་ཞིང་དག་ལ། ཉམས་ཐོན་པ་དང་མྱུར་བའི་སྒོ་ནས་རྩོམ་གང་ཡིན་ཡང་གྱེར་ཀློག་བྱེད་ཐུབ་པ། ཁོག་འདོན་བྱེད་པའི་གོམས་གཤིས་ཆགས་སུ་འཇུག་པ་མ་ཟད། མྱུར་ཚད་ངེས་ཅན་ཞིག་ལྡན་དགོས་ཏེ། སྤྱིར་བཏང་གི་རྩོམ་ཡིག་ཀློག་སྐབས། སྐར་མ་རེར་མ་མཐར་ཡང་ཚེག་ཁྱིམ་260ཡན་ཀློག་ཐུབ་པ”སོགས་ལྟ་ཀློག་སྐོར་ལ་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་རེ་བ་དོན་ཚན་བཅོ་ལྔ་བཏོན་ཡོད།
དཔེ་ཀློག་གི་ནུས་པ་གོང་མཐོར་གཏོང་ཐབས།
སློབ་ཆུང་སྐབས་སློབ་མ་ཚོར་སྦྱོར་ཀློག་གི་སྦྱོང་བརྡར་གང་ཙམ་སྤྲས་ཟིན་པའི་དབང་དུ་བཏང་སྟེ། དམའ་འབྲིང་སྐབས་གཙོ་བོར་བསྡུས་ཀློག་གི་སྦྱོང་བརྡར་སྤྲོས་དགོས། དེ་ཡང་སྦྱོང་བརྡར་ཞིབ་ཕྲ་ཇི་ལྟར་སྤྲོས་དགོས་ལུགས་སྐོར་གུས་པའི་ལོ་མང་གི་སློབ་ཁྲིད་མྱོང་བ་དང་། ལས་རོགས་ཚོའི་དགོངས་འཆར།
སློབ་གྲྭ་གཞན་དག་གི་དགེ་རྒན་ཚོའི་ཐབས་ཤེས་སོགས་ལ་ཤེས་རྟོགས་དང་གོ་བསྡུར་བྱས་པ་བརྒྱུད། བྱ་ཐབས་དོན་ཚན་ཁག་གཅིག་ཡོད་པ་གཤམ་དུ་འགོད་པར་
བྱ་སྟེ།
གཅིག སློབ་ཐུན་སྐབས་སློབ་མར་དཔེ་ཀློག་གི་གོ་སྐབས་མང་ཙམ་སྤྲོད་དགོས།
ལོ་རིམ་བདུན་པ་ནས་བཟུང་། སློབ་ཐུན་སྐབས་སློབ་ཚན་མཉམ་ཀློག་དང་། ལྟ་ཀློག སློབ་མ་རེ་རེ་བཞིན་ཡར་བསླངས་ནས་ཀློག་ཏུ་འཇུག་པ་སོགས་སློབ་མར་
དཔེ་ཀློག་གི་གོ་སྐབས་ངེས་ཅན་སྤྲོད་དགོས་པ་ལས་རྟག་ཏུ་དགེ་རྒན་ནམ་ཀློག་བཟང་བའི་སློབ་མ་ཁོ་ནས་ཀློག་པའི་སྣང་ཚུལ་ལ་འགྱུར་ལྡོག་གཏོང་དགོས།
དེ་དང་ཆབས་ཅིག སློབ་མ་སོ་སོའི་དཔེ་ཀློག་གི་ཆུ་ཚད་ལ་གཞིགས་ཏེ་ཡང་དག་པའི་གདེང་འཇོག་བྱ་རྒྱུ་དགོས་གལ་ཆེ།
གཉིས། མཉམ་ཀློག་སྐབས་སྐབས་འཕྲལ་དག་བཅོས་བྱེད་དགོས།
མཉམ་ཀློག་གིས་སློབ་མའི་དཔེ་ཀློག་གི་དང་བ་བསྐྱེད་པར་བྱེད་ལ་སྐད་གསང་མཐོན་པོས་ཀློག་ཐུབ་ན་སློབ་ཐུན་སྐབས་སློབ་མའི་གྲུང་ཤ་འཕེལ་བར་ཤིན་ཏུ་ཕན། འོན་ཀྱང་མཉམ་ཀློག་སྐབས་སྒྲ་མི་དག་པའམ་གཅོད་མཚམས་མི་གསལ་བའི་རིགས་ལ་དགེ་རྒན་གྱིས་སྐབས་འཕྲལ་དག་བཅོས་མ་བྱུང་ཚེ་མ་དག་རྒྱུན་འབྱམས་དང་། ནང་དོན་ཡང་དག་མི་རྟོགས་པས་སློབ་ཁྲིད་ཀྱི་སྤུད་ཚད་ཉམས་ཞན་དུ་འགྱུར་སྲིད། དེས་ན་མཉམ་ཀློག་སྐབས་སྐབས་འཕྲལ་དག་བཅོས་ཀྱིས་ནོར་བ་བསྐྱར་དུ་ཀློག་ཏུ་བཅུག་ཚེ་འཛིན་གྲྭ་ཡོངས་ཀྱི་སློབ་མའི་དཔེ་ཀློག་གི་ནུས་པ་གོམ་གང་མདུན་སྤོས་ཀྱིས་ཡར་རྒྱས་གཏོང་ཐུབ་ལ་སློབ་ཐུན་གྱི་སྤུས་ཚད་ཀྱང་གོང་མཐོར་གཏོང་ཐུབ།
གསུམ། རྒྱུན་མཐོང་མ་ཡིན་པའི་མིང་ཚིག་ནག་པང་ཐོག་བྲིས་ཏེ་འགྲེལ་ཀློག་བྱེད་དགོས།
དམའ་འབྲིང་སྐབས་རྣམ་ཀུན་ཀློག་བཟང་པོར་བརྩི་བའི་སློབ་མས་ཀྱང་མིང་ཚིག་གསར་པ་ཁག་གཅིག་མཐོང་འཕྲལ་དེ་མུར་ཡང་དག་པ་ཀློག་མི་ཐུབ་པས་དཔེ་ཀློག་གི་སྤུས་ཚད་ལ་འགོག་རྐྱེན་བཟོ་གི་ཡོད། དཔེར་ན། གོར་མ་ཆག མཎྜལ། མེ་ན་ཀ འཕང་མོ་ཉུག མརྒད། ལྟ་བུ་སློབ་ཚན་ནང་གི་གསར་ཐོན་མིང་ཚིག་གོ་དཀའ་བ་དག་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཡིག་གཟུགས་མཐོན་པོས་ནག་པང་ཐོག་ཐེངས་གཅིག་བྲིས་ཏེ་འགྲེལ་ཀློག་བྱས་ཚེ་སློབ་མའི་ཀློག་གི་ནུས་པ་གོང་མཐོར་གཏོང་རྒྱུར་ཕན་འབྲས་ཐོན་ཐུབ།
བཞི། བྱ་དགའ་སྤྲོད་དགོས།
རྣམ་ཀུན་ཀློག་བཟང་བའི་སློབ་མར་ངེས་པར་དུ་ཚིག་གིས་བསྟོད་དགོས། དེ་ལྟར་ན་སློབ་མ་གཞན་གྱི་མིག་དཔེར་འཛིན་པར་ཕན་ནོ། དེ་བས་ཀྱང་ཀློག་ཞན་པའི་སློབ་མར་སྐུལ་ལྕག་གིས་གང་མགྱོགས་ཡར་རྒྱས་ཡོང་བའི་རེ་བ་འདོན་དགོས་ལ། སློབ་ཚན་སྐབས་སློབ་མ་གང་ཉིད་ཀྱིས་ལེགས་པར་ཀློག་མི་ཐུབ་སའི་དུམ་མཚམས་སམ་སློབ་ཚན་དེ་ཉིད་ཡང་བསྐྱར་ཀློག་རྒྱུ་ཁྱིམ་སྦྱོང་ལ་སྐུལ་དགོས། གལ་སྲིད་ལས་འགན་ལེགས་པར་འགྲུབ་ཚེ་བྱ་དགའ་སྤྲོད་པ་དང་། མུ་མཐུད་དཔེ་ཀློག་ལ་འབད་དགོས་པའི་སྐུལ་མ་ཐུབ་ཚེ་སློབ་མའི་དཔེ་ཀློག་གི་ནུས་པ་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ། དེ་ལས་ལྡོག་སྟེ་ཀློག་ཞན་པའི་སློབ་མར་མཐོང་ཆུང་ཁྱད་གསོད་དང་མང་པོའི་ཚོགས་སུ་དམའ་འབེབས་རིགས་བྱས་ཚེ་གནོད་སྐྱོན་ཤིན་ཏུ་ཆེའོ།
ལྔ། སྐད་འཕྲིན་ཐོག་དཔེ་ཀློག་གི་ཁྱིམ་སྦྱོང་སྐུལ་དགོས།
དེང་གི་འཛིན་གྲྭ་ཚང་མར་ཁྱིམ་བདག་གི་སྐད་འཕྲིན་ཚོགས་པ་རེ་ཡོད། མཚམས་རེ་ཚོགས་པ་དེའི་ནང་སློབ་མ་ཚོར་དཔེ་ཀློག་གི་ཁྱིམ་སྦྱོང་སྐུལ་ན་སློབ་མ་ཚང་མའི་དཔེ་ཀློག་གི་ནུས་པ་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཐུབ་ལ་ཁྱིམ་བདག་གི་གཞོགས་འདེགས་ཀྱང་ཐོབ་ཐུབ། སྒོས་སུ་ཀློག་ཞན་པའི་སློབ་མར་ཉིན་ལྟར་དཔེ་ཀློག་གི་སྦྱོང་ཚན་སྐུལ་ཚེ་དུས་ཐུང་ནང་དཔེ་ཀློག་གི་ནུས་པ་མངོན་གསལ་དོད་པོས་ཡར་རྒྱས་གཏོང་ཐུབ།
དྲུག སྙན་ངག་སྒྲོག་སྦྱངས་དང་དཔེ་ཀློག་གི་འགྲན་བསྡུར་བྱེད་སྒོ་སྤེལ་དགོས།
སློབ་དུས་གཅིག་གམ་ལོ་གཅིག་ལ་སློབ་གྲྭ་ཡོངས་སུ་སྙན་ངག་སྒྲོག་སྦྱངས་དང་དཔེ་ཀློག་གི་འགྲན་བསྡུར་བྱེད་སྒོ་སྤུས་དག་རེ་ཟུང་སྤེལ་ཐུབ་ཚེ། སློབ་གྲྭ་ཡོངས་ལ་དཔེ་ཀློག་གི་ཚ་རླབས་འཕྱུར་རྒྱུ་མ་ཟད། སློབ་མའི་དཔེ་ཀློག་བྱང་ཆ་ཇེ་ལེགས་སུ་གཏོང་ཐུབ། དེ་བས་ཀྱང་དཔེ་ཀློག་ལ་ཤིན་ཏུ་བྱང་བའི་སློབ་མ་འགའ་ཤས་གསོ་སྐྱོང་ཐུབ་སྟེ་སློབ་མ་དེ་གྲས་ཀྱི་ཕྱོགས་ཡོངས་ཀྱི་བྱང་ཚད་གོང་མཐོར་གཏོང་ཐུབ། གལ་ཏེ་སློབ་གྲྭས་གཅིག་གྱུར་གྱི་བྱེད་སྒོ་སྤེལ་མ་ཐུབ་ཀྱང་འཛིན་གྲྭ་སོ་སོས་སྤེལ་ཐུབ་ནའང་ཕན་པ་ཆེའོ།
བདུན། སློབ་ཕྱིའི་དཔེ་དེབ་ལྟ་ཀློག་བྱེད་དུ་འཇུག་དགོས།
རྣམ་ཀུན་སློབ་གསེང་གི་དུས་ཚོད་དང་། གུང་གསེང་སོགས་ལ་སློབ་མ་ཚོར་ངེས་པར་དུ་སློབ་ཕྱིའི་དཔེ་དེབ་རེ་ཟུང་ལྟ་རྒྱུའི་རེ་བ་འདོན་དགོས་པ་མ་ཟད། མིང་ཚིག་སོགས་མི་ཤེས་པ་ཟུར་ཐོ་འགོད་པ་དང་། མྱོང་ཚོར་མདོར་བསྡུས་འབྲི་རུ་འཇུག་དགོས། དེའི་ཁར་ཁོམ་པ་བྱུང་ཚེ་སློབ་མ་འགའ་ཤས་བཀོད་སྒྲིག་བྱས་ཏེ་རང་གིས་བལྟས་པའི་དཔེ་དེབ་སློབ་མ་གཞན་ལ་ངོ་སྤྲོད་ཐུབ་ཚེ་ཕན་པ་ཤིན་ཏུ་ཆེ། གཞན་ཡང་། གོང་རིམ་ནས་སློབ་གྲྭ་ཚང་མར་གཟའ་འཁོར་རེ་ལ་ཆེད་དུ་དཔེ་ཀློག་གི་སློབ་ཚན་རེ་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། དེར་བརྟེན་དགེ་རྒན་ཚོས་སློབ་མར་དཔེ་ཀློག་གི་གལ་ཆེའི་རང་བཞིན་གླེང་རྒྱུ་དང་། སློབ་མ་དང་འཚམ་པའི་དཔེ་དེབ་གང་མང་ངོ་སྤྲོད་ཀྱིས་ཁོ་ཚོའི་དཔེ་ཀློག་ལ་དགའ་པོ་བྱེད་པའི་བསམ་པ་སྐྱེད་སྲིང་ལ་སྣང་ཆེན་བྱེད་དགོས་སོ།
(ལྷ་ས་གྲོང་ཁྱེར་སློབ་འབྲིང་གསུམ་པའི་དབང་གྲགས་ཀྱིས)