ཕུལ་བྱུང་གི་མི་གཤིས་སྐྱོང་རྒྱུ་ནི་སློབ་གསོའི་ལས་རིགས་དར་བ་ནས་བཟུང་སྒྲུབ་དགོས་ངེས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ་དམིགས་ཡུལ་གཙོ་བོ་དེ་བས་ཀྱང་རེད། དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་ནས་སྤྱི་ཚོགས་འཕེལ་རྒྱས་ལས་ཚོང་ལས་དཔལ་འབྱོར་གྱི་རྦ་རླབས་དྲག་ཏུ་འཕྱུར་བཞིན་པའི་སྐལ་པ་བཟང་བའི་དུས་འདིར། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནས་སློབ་ཆེན་བར་གྱི་སློབ་མའི་ཀུན་སྤྱོད་སློབ་གསོར་ཡང་སྔོན་ཆད་དང་མི་འདྲ་བའི་རེ་བ་གསར་པ་གང་མང་ཞིག་ཐོན་དང་ཐོན་བཞིན་ཡོད། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་གསོར་སྐར་གྲངས་ཁོ་ནས་སློབ་བུའི་བྱང་ཚད་གསལ་བཤད་བྱེད་པའི་ཐབས་ལམ་དེ་ཁོ་ན་གཙོ་བོར་མི་འཛིན་པར་སློབ་མའི་ཀུན་སྤྱོད་སློབ་གསོར་མཐོང་ཆེན་བྱེད་པའི་ཐོག་ནས་སྤྱོད་ཡོན་གཉིས་ལྡན་གྱི་ཕུལ་དུ་བྱུང་ཞིང་བྱང་ཚད་ལྡན་པའི་སློབ་མ་གསོ་སྐྱོང་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ།
གཅིག དགེ་རྒན་ནི་སློབ་མའི་ཀུན་སྤྱོད་ཀྱི་མིག་དཔེ་ཡིན།
སྤྱིར་སློབ་གསོ་ནི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཡིན་པ་མ་ཟད། སྤྱི་ཚོགས་ཀྱི་ཉམས་མྱོང་རྒྱུན་འཁྱོངས་ཀྱི་བྱ་ཐབས་ཤིག་དང་མིའི་རིགས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་བྱ་སྤྱོད་ཅིག་ཀྱང་ཡིན་པས། སྔར་ནས་བཟུང་ཕྱི་རྒྱལ་དང་རང་རྒྱལ་དབར་དེའི་རང་བཞིན་དང་། འབྱུང་ཁུངས། ཁྱབ་ཁོངས་བཅས་ལ་ལྟ་བ་མི་མཐུན་པ་མང་པོ་ཞིག་ཡོད་དེ། ལ་ལས་མིའི་རིགས་མ་བྱུང་སྔོན་གྱི་འཇིག་རྟེན་འདིར་སྲོག་ཆགས་བྱུང་བ་ནས་བཟུང་སློབ་གསོའི་མྱུ་གུ་འབུས་པའི་ལྟ་བ་འཛིན་པ་དང་། ལ་ལས་མིའི་རིགས་བྱུང་བ་ནས་བཟུང་སློབ་གསོའི་མྱུ་གུ་འབུས་པའི་ལྟ་བ་འཛིན་པ། ལ་ལས་མིའི་རིགས་བྱུང་བ་ནས་བཟུང་སློབ་གསོ་དར་བའི་ལྟ་བ་འཛིན་གྱི་ཡོད་མོད། འོན་ཀྱང་ཀུན་སྤྱོད་སློབ་གསོ་ནི་སློབ་མ་རྣམས་ལ་སློབ་གསོ་གཏོང་བ་དང་མིའི་རིགས་ཀྱི་ཤེས་རིག་དར་བའི་བྱ་བ་ཞིག་དང་སྣ་མང་ལས་རིགས་ལས་མཆོག་ཏུ་གྱུར་པ་ཞིག་ཡིན་པ་མ་ཟད། བྱང་ཚད་སློབ་གསོའི་གྲུབ་ཆ་གཙོ་བོ་ཞིག་ཀྱང་རེད། དགེ་རྒན་གྱིས་ཀུན་སྤྱོད་སློབ་གསོའི་ལས་དོན་ལ་ཤུགས་སྣོན་རྒྱག་ཆེད། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་བཅས་མཛུབ་སྟོན་དུ་བྱེད་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོའི་བཅའ་ཁྲིམས》དང《སློབ་གྲྭ་འབྲིང་ཆུང་དགེ་རྒན་གྱི་ལས་རིགས་ཀུན་སྤྱོད་ཚད་གཞི》ནན་པོ་སྲུང་བ། ལས་གནས་ལ་དགའ་ཞེན་དང་བྱ་གཞག་གོང་བཀུར། བཅའ་ཁྲིམས་ལ་བརྟེན་ནས་སློབ་གསོ་སྐྱོང་བར་སློབ་མར་དགའ་ཞེན་དང་ཁྱིམ་བདག་ལ་བརྩི་བཀུར་བྱེད་དགོས་པ་མ་ཟད། གཟབ་ནན་གྱི་སྒོ་ནས་སློབ་གསོའི་ལས་དོན་ལ་ལྷག་བསམ་རྣམ་དག་བྱེད་དགོས། དེ་བས་གལ་འགངས་ཆེ་བ་ཞིག་ནི་དགེ་རྒན་གྱི་གཅེས་སེམས་ནི་སློབ་གསོའི་གཞི་རྩ་ཡིན་ཞིང་། དགེ་རྒན་ལ་གཅེས་སེམས་མེད་ཚེ་ཐབས་ཤེས་ཇི་འདྲ་ལེགས་རུང་གསོན་ཤུགས་རྒྱས་མི་ཐུབ་པའི་སྐོར་ལ་གྲགས་ཅན་སློབ་གསོ་མཁས་ཅན་སུའུ་ཧོ་མུའུ་ལིན་སི་ཅིས་གསུངས་དོན། བདག་གི་མི་ཚེ་གང་བོར་ཆེས་གལ་ཆེ་བ་ནི་ཅི་ཞིག་ཡིན་ཟེར་ན། བདག་གིས་འཛེམས་དོགས་ཅི་ཡང་མེད་པའི་ངང་བློ་རྩེ་གཅིག་སྒྲིམ་གྱིས་བྱིས་པར་གཅེས་སེམས་འཆང་པ་དེ་ཡིན་ཞེས་གསུངས་ཡོད་པས། སློབ་གསོའི་བྱ་བ་གཉེར་མཁན་ཚོས་སློབ་མ་རྣམས་ལ་རང་གི་བུ་ཕྲུག་བཞིན་དུ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། རེ་བ་ནན་པོ་བཅོལ་བ་དང་གཅེས་སྐྱོང་བྱ་རྒྱུ་ཟུང་འབྲེལ་གྱིས་སློབ་མར་ཐུགས་ཁུར་བྱེད་པ། རང་ཉིད་ལའང་རེ་བ་ནན་པོ་འདོན་པ་དང་བླ་ན་མེད་པའི་ཕུགས་བསམ་དང་མཆོག་ཏུ་གྱུར་པའི་བསམ་བློ་བརྟན་པོ་བཙུགས་ནས་རང་རྟོགས་ཀྱི་སྒོ་ནས་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་བ་དང་ཁ་ཞེ་གཉིས་མེད་དང་གཏམ་སྤྱོད་གཅིག་མཐུན་གྱི་ཀུན་སྤྱོད་ལྡན་པའི་མི་ཞིག་བྱེད་དགོས། རྗེ་ས་པཎ་གྱིས་མཛད་པའི《ས་སྐྱ་ལེགས་བཤད》ལས་སྐྱེ་བོ་དམ་པ་རྒུད་གྱུར་ཀྱང་། །སྤྱོད་པའི་ཁྱད་པར་ལྷག་པར་མཛེས། །མེ་ནི་ཐུར་དུ་ཁ་བསྟན་ཀྱང་། །མེ་ལྕེ་གྱེན་ལ་འབར་བར་མཐོང་། །ཞེས་གསུངས་པ་ལྟར་སྤྱོད་པ་ཤིན་ཏུ་ལེགས་པའི་སྐྱེས་བུ་དམ་པ་ནི་སློབ་གསོའི་ས་བོན་ལེགས་པོ་ཞིག་དང་ཁ་འབྲལ་ཐབས་མེད་པས། ཁྱིམ་ཚང་དང་། སློབ་གྲྭ སྤྱི་ཚོགས་ཡོངས་ནས་ཀུན་སྤྱོད་སློབ་གསོར་དོ་སྣང་དང་མཐོང་ཆེན་བྱ་རྒྱུ་གལ་ཆེའོ། གཞན་ཡང་རང་གི་སྤྱོད་པ་བཟང་ན་ཀུན་ལས་ལྷག་ཅིང་། རང་གི་སྤྱོད་པ་ངན་ན་ཀུན་ལས་ཞན་པའི་གནས་ལུགས་རྒྱུ་མཚན་ལྟར། ང་ཚོས་ཁ་ནས་བཤད་པ་དང་འདྲ་བར་སློབ་མར་སྨྲ་མེད་ཀྱི་མིག་དཔེ་སྟོན་འོས་ཤིང་། དུས་ཡུན་རིང་པོ་རྒྱུན་འཁྱོངས་བྱས་ན་ད་གཟོད་ཕུན་སུམ་ཚོགས་པའི་འབྲས་བུ་འབྱུང་བར་གདོན་མི་ཟའོ།
གཉིས། ཤེས་ཡོན་དང་ཀུན་སྤྱོད་གཉིས་ཟུང་འབྲེལ་བྱེད་དགོས།
མི་སུ་ཞིག་ཡིན་རུང་ཀུན་སྤྱོད་བཟང་པོར་དགའ་ཞེན་ཆེ་ཞིང་ཡིད་ཆེས་བྱེད་པ་མ་ཟད། མིའི་རིགས་ཀྱི་ཐུན་མོང་གི་མཛེས་རྒྱན་ཞིག་ཏུ་འཛིན་པའི་འདུ་ཤེས་ཀྱང་བཟུང་ཡོད། དེའང《ཆུ་ཤིང་བསྟན་བཅོས》ལས་བློ་ལྡན་རང་བཞིན་བཟང་པོ་དེ། །མཆོག་དམན་བར་མ་ཀུན་གྱིས་བསྟེན། །ཞེས་གསུངས་པ་དང་སློབ་དཔོན་དཔའ་བོས་མཛད་པའི《སྐྱེས་རབས་སོ་བཞི་པ》ལས་ཟླ་བར་སྐྱེས་པའི་རབས་ལས་ཀྱང་། རྒྱལ་བུ་ཟླ་བའི་ཡ་རབས་ཀྱི་སྤྱོད་པ་བཟང་པོས་མི་ཤ་ཟ་བའི་སྲིན་པོ་རྐང་ཁྲའི་ཕྱིན་ཅི་ལོག་པའི་ལམ་གྱི་སྒོ་ཁེགས་ནས་ཡང་དག་པའི་ལམ་དུ་ཞུགས་པར་གྱུར་པ་ལྟ་བུ་དང་། 《ས་སྐྱ་ལེགས་བཤད》ལས་བཟང་པོའི་ཆོ་རིགས་སྤྱོད་པས་བསྲུང་། །སྤྱོད་པ་ཉམས་ན་རིགས་དོན་མེད། །ཙན་དན་དྲི་བཟང་སྐྱོ་བོ་དགའ། །དེ་བསྲེགས་སོལ་བ་སུ་ཞིག་ལེན། །ཞེས་གསུངས་པ་དང་གཞན་མཛེས་རྟོག་རིག་པའི་གཞུང་ལུགས་ལས་ཀྱང་མཛེས་པའི་མཐར་ཐུག་པ་ནི། ཡ་རབས་སྤྱོད་བཟང་གི་མཛེས་པ་དེར་འཇོག་ཅིང་། ཡ་རབས་སྤྱོད་བཟང་གི་མཛེས་པ་ནི་ནམ་ཡང་དྲང་བདེན་གྱི་ཕྱོགས་ནས་ཐུན་མོང་གི་ཁེ་ཕན་ལ་བརྩོན་པ་ཅན་དང་ཐབས་མཁས་སྒྲུབ་མཁས་ཀྱི་ནུས་པ་ཅན་དང་། སུ་ལའང་འགྲོགས་ཚུལ་ལེགས་ཤིང་མཐུན་པ། སེམས་རྒྱུད་དྲང་བའི་མི་སྣ་དེ་རིགས་ཀྱི་སྟེང་ནས་མཚོན་གྱི་ཡོད། སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཞིག་ལ་མཚོན་ནའང་གྱོན་ཆས་གྱོན་སྟངས་དང་མཛེས་ཆས་སྤྲས་ཚུལ། མགོ་སྐྲ་འཇོག་སྟངས་སོགས་ཀྱང་སློབ་མའི་ཚུལ་བྱད་དང་རིང་དུ་བྲལ་ཞིང་། ང་རྒྱལ་དང་རང་རློམ་གྱི་བསམ་པ་ཆེར་བཟུང་ནས་ཕ་མར་མི་བརྩི་བ་དང་དགེ་རྒན་ལ་མི་བཀུར་བར་སློབ་ཆུང་དུས་ནས་ཀུན་སྤྱོད་ལ་སྣང་ཆེན་མི་བྱེད་པ་དང་། སློབ་ཆེན་དུ་སླེབས་སྐབས་མི་གཤིས་དང་རིག་གནས་གང་ཡང་མེད་པར་མི་ཚེ་དང་ལང་ཚོ་སྟོང་ཟད་དུ་སོང་ནས་གཞོན་ནུ་ཐ་ཤལ་ཞིག་ཏུ་གྱུར་ན། དེ་ནི་ཁྱིམ་ཚང་དང་སྤྱི་ཚོགས་སློབ་གསོའི་ཕམ་ཁ་ཞིག་ཡིན་པ་སྨོས་མི་དགོས། དེར་བརྟེན་སྤྱོད་བཟང་ཤེས་ལྡན་ཞིག་དགོས་ན། དང་པོ་བླ་མ་བརྟག་ལ་མཁས། བར་དུ་བླ་མ་བསྟེན་ལ་མཁས། ཐ་མར་དགོངས་སྤྱོད་བསླབ་ལ་མཁས་པའི་སློབ་མ་ཚད་ལྡན་ཞིག་གི་ཚད་གཞི་དང་དུ་བླངས་ནས་སྒོ་གསུམ་དད་པས་སློབ་དཔོན་གྱི་གསུང་ངག་ལ་ཉན་ནས་རིན་ཐང་གཞལ་མེད་ཀྱི་རིག་པའི་ནོར་བུ་སྣ་མང་བསགས་ཏེ་རང་ཉིད་ཤེས་ཡོན་པ་ཚད་ལྡན་ཞིག་ཏུ་འགྱུར་བར་བརྩོན་པ་ཆེར་སྐྱེད་བྱེད་པ་དང་། སློབ་མ་ཚང་མ་མཉམ་དུ་ཡ་རབས་སྤྱོད་བཟང་དོན་དུ་གཉེར་ནས་བོད་གསར་སྐྲུན་མཁན་ལ་འགྱུར་བ་བྱེད་དགོས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི《ཤེས་རབ་སྡོང་བུ》ལས་ཡོན་ཏན་དག་ལ་འབད་བྱ་ཡི། །འགྱིང་ཚུལ་དགོས་པ་ཅི་ཞིག་ཡོད། །འོ་མ་མེད་པར་གྱུར་བའི་བ། ། དྲིལ་བུ་བཏགས་ཀྱང་ཉོར་མི་འདོད། །ཅེས་གསུངས་པ་ལྟར་དང《ཆུའི་བསྟན་བཅོས》ལས་རང་གཞན་སུ་ལའང་མི་ཕན་པའི། །ནོར་དེ་མེད་པ་ཉིད་དང་མཚུངས། །ཞེས་པའི་དཔེ་ལྟར་ཀུན་སྤྱོད་དང་ཤེས་ཡོན་གཉིས་ལ་འབད་བརྩོན་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བར་གསུངས་པས། སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སློབ་སྦྱོང་གི་གྲུབ་འབྲས་ཇེ་མཐོ་དང་ཚད་ལྡན་ཤེས་ཡོན་ཅན་ལ་འགྱུར་བྱེད་ཀྱི་མཐུན་རྐྱེན་གཙོ་བོ་ནི་ཀུན་སྤྱོད་བཟང་པོར་ཐུག་ཡོད་དེ། སློབ་རིམ་ཇེ་མཐོ་དང་ལྟ་རྒྱ་མཐོང་རྒྱ་ཇེ་ཆེར་སོང་བ་དང་བསྟུན་ནས། འགྲོ་འདུག་སྤྱོད་གསུམ་དང་། རིག་གནས་ཤེས་བྱ་དང་། ཚན་རིག་ལག་རྩལ། ཁ་ལག་ཟ་སྟངས་ཟ་ལུགས། གྱོན་ཆས་གྱོན་སྟངས། རྒན་བཀུར་གཞོན་གཅེས་སོགས་ཀྱི་གཤིས་སྤྱོད་ཇེ་བཟང་དང་། རྒྱུན་ལྡན་ཀུན་སྤྱོད། བསམ་བློའི་ནུས་ཤུགས་སོགས་ཀྱང་ཇེ་མཐོར་གཏོང་དགོས་ལ། སློབ་མའི་རྒྱུད་ལ་ཀུན་སྤྱོད་བཟང་པོ་ཞིག་འཇགས་ཡོད་མེད་ཀྱི་ཚད་ཐིག་ལ་བརྩིས་ནས། ཚད་ལྡན་ཤེས་ཡོན་ཅན་ཞིག་ལ་འགྱུར་མིན་སོགས་ཀྱི་ཐོག་ནས་ལྟ་དགོས་པས། ཤེས་ཡོན་དང་ཀུན་སྤྱོད་གཉིས་ནི་གཅིག་ལ་གཅིག་བརྟེན་གྱི་སྒོ་ནས་འབྱུང་བཞིན་ཡོད་དེ་ཀུན་སྤྱོད་བཟང་པོ་ལས་སློབ་སྦྱོང་གི་གྲུབ་འབྲས་ལེགས་པོ་འབྱུང་བ་དང་། སློབ་སྦྱོང་གི་གྲུབ་འབྲས་ལེགས་པོ་ལས་ཀྱང་ཀུན་སྤྱོད་སོགས་བཟང་པོའི་ཕྱོགས་སུ་ཡར་རྒྱས་འགྲོ་བཞིན་ཡོད་པས། ཀུན་སྤྱོད་ལེགས་པོ་ཁོ་ནར་བརྟེན་ནའང་མི་ཆོག་པར་སྐབས་བབ་ཀྱི་བསླབ་བྱ་ཡོད་ཚད་ཀུན་སྤྱོད་སློབ་གསོའི་བླང་བྱ་ལྟར་བསྒྲུབས་ཏེ་ཤེས་ཡོན་དང་ཀུན་སྤྱོད་གཉིས་ཟུང་འབྲེལ་གྱི་སྒོ་ནས་མཐོ་རུ་གཏོང་རྒྱུ་ནི་ཤིན་ཏུ་གལ་ཆེ་བའི་གནད་ཀྱི་དམ་པ་ཡིན་ནོ།
སྤྱིར་རང་ཉིད་ཀྱི་ལས་ཡུལ་དངོས་ལ་གཞིགས་ནས་ཁ་ཡོད་ལག་ཡོད་ཀྱི་སློབ་གསོའི་ལས་དོན་དངོས་ལ་དོ་སྣང་དང་། དབྱེ་ཞིབ་ཀྱིས་སྤྱི་ཚོགས་ལ་མཁོ་བའི་སྤྱོད་གཙང་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་རང་གི་ལྟ་བའམ་བསམ་ཚུལ་བརྗོད་པ་ཡིན་པས། ཁོ་བོའི་རིག་པའི་ནུས་ཤུགས་དམན་པས། འོས་ཤིང་འཚམ་པ་ཞིག་བརྗོད་མ་ཐུབ་པ་མ་ཟད། མི་འོས་པ་དང་མི་འགྲིག་པ་སོགས་ཀྱང་ཡོད་སྲིད་ལ་དེ་དང་རྣམ་དཔྱོད་ཀྱི་བློ་གྲོས་མཁའ་ལྟར་ཡངས་པའི་མཁས་པ་རྣམས་ཀྱི་ཐེ་ཚོམ་གྱི་དྲ་བ་བཅད་དེ་དགོངས་འཆར་གྱི་ནོར་བུ་གང་འདོད་དུ་གནང་བར་མཛོད།
(གཞིས་རྩེ་གྲོང་ཁྱེར་གཉའ་ནང་རྫོང་སློབ་གསོ་ཅུས་ཀྱི་ལྷག་པ་ཆུང་བདག)