སློབ་གསོ་ནི་གོམས་གཤིས་ཡག་པོ་ཞིག་འཇགས་པར་བྱེད་པའི་བརྒྱུད་རིམ་ལྟ་བུ་དང་། བྱིས་དུས་ཀྱི་བྱ་བ་ཆུང་ཙག་ཤིག་གི་ཤུགས་རྐྱེན་གྱིས་མི་ཚེ་གང་བོར་གོམས་གཤིས་ཤིག་ལྷན་དུ་འགྲོགས་འོང་ལ། གོམས་གཤིས་འདིའི་ཡག་ཉེས་ལ་གཞིགས་ནས་ཕྲུ་གུའི་ལས་དབང་ལའང་འགྱུར་ལྡོག་ངེས་ཅན་འགྲོ་ངེས། བྱིས་དུས་ནི་གོམས་གཤིས་ཡག་པོ་ལུས་ལ་འཇགས་པར་བྱེད་པའི་དུས་སྐབས་ཡག་ཤོས་ཤིག་ཡིན་པས། ཕ་མ་རྣམས་ཀྱིས་དེར་མཐོང་ཆེན་དང་སློབ་གསོ་ཡག་པོ་རྒྱག་དགོས་པ་ནི་སྨོས་ཅི་དགོས།
1 སོ་སོའི་བྱ་བ་སོ་སོས་སྒྲུབ་པའི་གོམས་གཤིས།
རང་གི་རྐང་ཤུབས་རང་གིས་གྱོན་པ་དང་། ཕྱིར་ཐོན་སྐབས་རང་གི་གྱོན་ཆས་རང་གིས་འདེམས་པ། གནད་དོན་འཕྲད་སྐབས་རང་ཉིད་ཀྱི་ལྟ་བ་ཤོད་ཕོད་པ་སོགས་ཕྲུ་གུར་ཆུང་དུས་ནས་རང་གི་ལས་ཀ་རང་གིས་སྒྲུབ་པའི་གོམས་གཤིས་འཇགས་པར་བྱེད་དགོས།
2 འགན་འཁུར་ཕོད་པའི་གོམས་གཤིས།
ཁྱིམ་བདག་མི་ཉུང་བ་ཞིག་གིས་ད་ལྟ་ཕྲུ་གུས་ཅི་ཡང་ཤེས་ཀྱི་མེད་པས། ཕྲུ་གུ་སློབ་གྲྭ་གང་དུ་འགྲོ་མིན་དང་། ཁ་ལག་གང་ཟ་དགོས་མིན། གྱོན་གོས་གང་འདྲ་ཉོ་དགོས་མིན་སོགས་ཡོད་དོ་ཅོག་ལ་ཕ་མ་རང་ཉིད་ཀྱིས་ཐག་གཅོད་དགོས་སྙམ་གྱི་ཡོད། མ་གཞི་འདི་ནི་ཕྲུ་གུར་བྱམས་སྐྱོང་དང་ཁོང་ཚོའི་སེམས་ཁྲལ་ཆུང་དུ་གཏོང་ཐུབ་མོད། འོན་ཀྱང་དེས་ཕྲུ་གུའི་འགན་འཁྲིའི་བསམ་པ་ལྡན་པ་དང་། རང་རྐྱ་འཕེལ་བར་འགོག་རྐྱེན་བཟོ་ཡི་ཡོད། དེར་བརྟེན། ནམ་ཀུན་ནས་ཕྲུ་གུར་ནང་ལས་འོས་འཚམས་བྱེད་དུ་འཇུག་པ་དང་། ཁྱིམ་དུ་ཅ་ལག་ཉོ་སྐབས་ཕྲུ་གུའི་བསམ་འཆར་ཡང་ཉན་དགོས། དེ་འདྲ་བྱས་ན་ཕྲུ་གུས་སོ་སོ་རང་ཉིད་ཀྱི་ཅ་ལག་ལ་བདག་པོ་རྒྱག་ཤེས་ནས། ཕྱིས་སུ་རང་ཉིད་ཀྱི་འཚོ་བའི་ནང་འགན་ལོས་ཀྱིས་འཁུར་ཐུབ།
3 རྒྱུན་དུ་དཔེ་དེབ་ཀློག་པའི་གོམས་གཤིས།
ཚང་མས་མཁྱེན་གསལ་ལྟར། ང་ཚོས་ནམ་ཀུན་ནས་དཔེ་དེབ་ལྟ་བར་མཐོང་ཧ་ཅང་ཆེན་པོ་བྱེད་ཅིང་། དཔེ་དེབ་ཀྱིས་རང་ཉིད་ཀྱི་ཤེས་རྒྱ་ཡངས་སུ་འགྲོ་བ་དང་། ཡུལ་གྲུ་ཀུན་གྱི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་སོགས་ཀྱང་མང་པོ་རྟོགས་ཐུབ་་པ་མ་ཟད། སླད་ཕྱིན་གྱི་འཚོ་བ་སྐྱེལ་སྟངས་ལའང་ཤུགས་རྐྱེན་ངེས་ཅན་ཐེབས་སྲིད། དེས་ན། ཕྲུ་གུར་ཆུང་དུས་ནས་དཔེ་དེབ་ལྟ་བའི་གོམས་གཤིས་འཇགས་པ་བྱེད་དགོས་ཤིང་། ཕ་མ་རང་ཉིད་ཀྱིས་ཀྱང་ཁོམ་པ་ཡོད་དུས་དཔེ་དེབ་མང་ཙམ་བལྟས་ཏེ། ཕྲུ་གུར་མིག་དཔེ་བཟང་པོ་ཞིག་སྟོན་རྒྱུ་དེའང་གལ་འགངས་ཆེན་པོ་རེད།
4 གདམ་ག་བྱེད་པའི་གོམས་གཤིས།
འཚོ་བའི་ཁྲོད་གནས་ཚུལ་ཆེ་ཆུང་བགྲང་གི་མི་ལངས་པ་འཕྲད་སྲིད། མི་ཚེའི་འགྲོ་ལམ་རིང་མོར་བྱ་བ་ཚང་མ་རང་ཉིད་ཀྱི་བསམ་པ་ཇི་བཞིན་ཡོང་དཀའ་བས། གལ་ཆེ་ཆུང་དང་ཡག་ཉེས་དབྱེ་འབྱེད་ཡག་པོ་ཤེས་པ་བྱ་རྒྱུ་ནི་གཙོ་བོ་རེད། ཆུང་དུས་ནས་ཕྲུ་གུར་གདམ་ག་བྱེད་པའི་གོམས་གཤིས་འཇགས་པར་བྱས་ན། གཅིག་ནས་ཕྲུ་གུས་གནད་དོན་ཅི་ཞིག་འཕྲད་ཀྱང་སྔོན་ལ་མནོ་བསམ་གཏོང་ཤེས་པ་དང་། གཉིས་ནས་གནད་དོན་ཐག་གཅོད་སྐབས་ཚང་མ་གཞན་གྱི་རྗེས་སུ་མི་འབྲངས་པར་རང་ཉིད་ཀྱི་ལྟ་བ་ཡོད་པ་དང་ཡག་ཉེས་དབྱེ་འབྱེད་བྱེད་ཐུབ་ཀྱི་ཡོད།
5 འཆར་གཞིར་ལག་ལེན་བསྟར་བའི་གོམས་གཤིས།
བྱ་བ་ཅི་ཞིག་སྒྲུབ་ཀྱང་འཆར་གཞི་མེད་ན་འགོ་གང་ནས་འཛུགས་དགོས་མིན་དང་། བྱ་ཐབས་གང་ལ་བརྟེན་ནས་སྒྲུབ་དགོས་མིན། འབྲས་བུ་གང་འདྲ་ཡོང་མིན་སོགས་ལ་ཐེ་ཚོམ་སྐྱེས་སྲིད། འོན་ཀྱང་། འཆར་གཞི་ཡོད་པ་ཙམ་གྱིས་མི་འགྲིག་སྟེ། ངེས་པར་དུ་དེ་ལག་ལེན་དང་དོན་ཐོག་འཁྱོལ་བ་བྱེད་པ་ནི་ཤིན་ཏུ་ནས་གལ་ཆེ། ཕྲུ་གུར་ཞོགས་པའི་དུས་ཚོད་ག་ཚོད་ལ་ལངས་དགོས་མིན་དང་། དུས་ཚོད་ག་ཚོད་ལ་སྦྱོང་ཚན་འབྲི་བ། ག་ཚོད་ལ་གཉིད་ཉལ་བ་སོགས་ཀྱི་འཆར་གཞི་འགོད་པ་དང་དེ་ལག་ལེན་བསྟར་བའི་གོམས་གཤིས་འཇགས་པར་བྱེད་དགོས། མ་གཞི་དེ་དག་དོན་ཆུང་ཙག་ཤ་སྟག་ཡིན་ཡང་། ཡུན་རིང་རྒྱུན་འཁྱོངས་ན་ནམ་ཀུན་ལས་ཀ་སྒྲུབ་དུས་ཙམ་མ་ཟད་འབྱུང་འགྱུར་གྱི་འཚོ་བར་ཡང་ཕན་པ་ཆེན་པོ་ཡོད།
6 གཞན་གྱི་བསམ་འཆར་ཉན་པ་དང་རོགས་རམ་བྱེད་པའི་གོམས་གཤིས།
ཕོ་རབ་གཅིག་གི་བློ་རྩེ་ལས། ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ། བྱ་བ་ཅི་ཞིག་བསྒྲུབས་ཀྱང་ཚང་མ་རང་ཉིད་གཅིག་པུས་སྒྲུབ་དགོས་པའི་ངེས་པ་མེད། གཞན་གྱི་བསམ་འཆར་དང་རོགས་རམ་ནི་ཅི་ནས་ཀྱང་དགོས། དེར་བརྟེན། ཕྲུ་གུར་ཆུང་དུས་ནས་གཞན་གྱི་བསམ་འཆར་ཉན་དགོས་པ་དང་གཞན་ལ་དཀའ་ངལ་འཕྲད་ཚེ་གང་ཐུབ་ཅི་ཐུབ་ཀྱིས་རོགས་རམ་བྱེད་དགོས་པའི་སློབ་གསོ་རྒྱག་དགོས། དེ་འདྲ་བྱུང་ན་ཕྱིས་སུ་གཞན་གྱི་བསམ་ཚུལ་ལ་བརྩི་འཇོག་བྱེད་ལ། དཀའ་ངལ་འཕྲད་སྐབས་གཞན་ལ་རོགས་རམ་བྱེད་པའི་གོམས་གཤིས་ཡག་པོ་འཇགས་ནས་ལས་ཀ་དང་འཚོ་བ་ཕྱོགས་གང་ཕྱིའི་ཐད་ལའང་ཕན་པ་ཤིན་ཏུ་ཆེའོ།