སློབ་ཆུང་སློབ་མར་བསྟོད་བསྔགས་དང་སྐུལ་ལྕག་གཏོང་བའི་གལ་ཆེའི་རང་བཞིན་ཅུང་ཟད་གླེང་བ།
བགྲང་བྱ་མང་པོའི་རིང་། ངས་སློབ་གསོ་སློབ་ཁྲིད་ཀྱི་གར་སྟེགས་ནས་གནད་དོན་ཇི་སྙེད་ཅིག་ལ་སྔར་ལས་ལྷག་པའི་རྒྱུས་མངའ་ལོན་པ་དང་སློབ་ཚན་དང་འབྲེལ་ཞིང་སློབ་ཕྲུག་དང་འབྲེལ་བའི་ཆ་མང་པོ་ཞིག་ངའི་བསམ་བློར་གསར་དུ་འཁོར་བྱུང་། དཔེར་ན། རིགས་པའི་གཞུང་ལུགས་ནི་ངའི་སློབ་ཁྲིད་དངོས་ལ་མཛུབ་སྟོན་བྱེད་མཁན་ཡིན་ཡང་། ཉམས་མྱོང་ནི་བགྲང་བྱ་ཇི་སྙེད་ཀྱི་བརྩེགས་རིམ་ནས་རིམ་བཞིན་རང་རྒྱུད་ཀྱི་ཤེས་བྱར་གྱུར་པ་དང་། འཚོ་བ་དངོས་དང་སློབ་ཁྲིད་དངོས་ནས་རྙེད་པའི་གོ་བསྐོན་སློབ་གསོ་དང་། ཉམས་མྱོང་གི་ཆ་རེ་རེ་ནི་རང་ཉིད་ཀྱི་སེམས་དབུས་སུ་ཆེས་བརྟན་པོར་ངེས་ཤིང་བསླབ་བྱ་ཟབ་མོ་ཞིག་ཡིན་པ་རྟོགས་བྱུང་། རྣམ་ཀུན་མིག་ནང་དུ་ཆེས་ཆུང་ཙག་གི་གནད་དོན་འགའ་རེ་ནི་སྐབས་མང་པོར་རྩ་ཆེན་ཡིན་ཡང་སྣང་བ་མེད་པར་ལུས་པས། ཕྱོགས་མང་པོར་སྐྱོན་ཆ་ཐོན་བཞིན་འདུག དེ་ནི་གཙིགས་ཆེའི་ཉམས་མྱོང་གིས་སྟོངས་པས་རེད་སྙམ། འོན་ཏེ། དོན་སྙིང་ལྡན་པ་དང་རང་ཉིད་ཀྱིས་དངོས་སུ་བརྒྱུད་མྱོང་བ་མཐའ་དག་ངའི་དྲན་པའི་ངོས་སུ་རྡོ་བརྐོས་རི་མོ་ཇི་བཞིན་སྣང་། སྐུལ་ལྕག་དང་བསྟོད་བསྔགས་ཀྱི་མེ་ཏོག་མཛེས་པོ་དེ་སློབ་གསོ་སློབ་ཁྲིད་ཀྱི་ལྡུམ་ར་འདི་རུ་ཤིན་ཏུ་མཁོ་ལ། སྔོན་བྱོན་གྱི་སློབ་གསོ་མཁས་ཅན་ཚོས་གླེང་མྱོང་བའི་ཉམས་མྱོང་གི་འབྲས་བུ་རིགས་པའི་གཞུང་ལུགས་སུའང་གྲུབ་ཡོད། རང་ཉིད་ཀྱིས་མི་ཤེས་ཤེས་ཁུལ་གྱིས་གླེང་འདོད་པ་ནི་སློབ་ཁྲིད་ཀྱི་ཁོར་ཡུག་གི་ཕན་ནུས་དང་དམིགས་ས་སོགས་ལ་གཞིགས་པའི་རང་ཉིད་ཀྱི་ཉམས་མྱོང་ལས་ཐོན་པའི་མྱོང་བ་རགས་ཙམ་བརྗོད་པར་བྱ་སྟེ།
གཅིག བསྟོད་བསྔགས་གཏོང་ཡུལ་དང་གཏོང་ཐབས།
ང་ཚོའི་སློབ་མའི་ཁྲོད་སློབ་སྦྱོང་གི་སྦྱངས་འབྲས་ལེགས་པ་དང་། བསམ་བློ་ཀུན་སྤྱོད་ལེགས་པ། ཐུན་མིན་གྱི་སྒྱུ་རྩལ་ལྡན་པ་ཇི་སྙེད་ཅིག་ཡོད། ཁོང་ཚོ་ནི་ང་ཚོའི་བསྟོད་བསྔགས་གཏོང་ཡུལ་རེད། ལྷག་པར་དུ་ཕྱོགས་ཚང་མའི་ནུས་པ་མངའ་བའི་སློབ་མ་དག་ནི་ང་ཚོའི་བསྟོད་བསྔགས་ཀྱི་ཐལ་མོ་རྡེབ་ཡུལ་གཙོ་བོ་རེད། ཐུན་མིན་གྱི་རང་གཤིས་མངའ་བའི་སློབ་མ་འདི་དག་གིས་ང་ཚོར་ངོ་མཚར་གྱི་ལྟད་མོ་མང་པོ་བཤམས་སྲིད་པས། ང་ཚོས་བསྟོད་བསྔགས་བྱེད་ས་ནི་སློབ་ཐུན་གྱི་ཆ་རེ་རེ་དང་། རྣམ་ཀུན་གྱི་སློབ་སྦྱོང་འཚོ་བའི་ནང་སློབ་མ་སོ་སོའི་བྱེད་སྟངས་རེ་རེ་ཡིན་སྲིད། དཔེར་ན། བློ་རྩེ་གཅིག་སྒྲིམ་ངང་སློབ་ཚན་ཉན་ཐུབ་ཁར་རང་འགུལ་གྱིས་སྦྱོང་ཚན་ཡག་པོ་འབྲི་མཁན་དག་ལ་འཛིན་གྲྭའི་ནང་དུ་ཁོང་ཚོའི་གོམས་གཤིས་ལེགས་པོ་དང་གོམས་གཤིས་ལེགས་པོ་འདི་ཡིས་སློབ་སྦྱོང་ཐད་དགའ་མོས་སླེབས་ནས་གང་སར་འཕེལ་རྒྱས་འགྲོ་ཚུལ་ལ་དམིགས་བསལ་བསྟོད་བསྔགས་གཏོང་རྒྱུ་མ་བརྗེད་པ་བྱས་ན་སློབ་མ་འདི་དག་མུ་མཐུད་ཡར་རྒྱས་ཡོང་བར་སྐུལ་འདེད་ཐུབ་ལ། སློབ་མ་གཞན་ཚོར་མིག་དཔེའི་སློབ་གསོ་ལེགས་པོ་ཞིག་ཀྱང་ཐེབས་སྲིད། ང་ཚོའི་སློབ་གསོ་སློབ་ཁྲིད་ཀྱི་ཁོར་ཡུག་ནང་། མི་བཟང་ལས་བཟང་བྱེད་མཁན་དང་ཡར་རྒྱས་ཀྱི་གོམ་བགྲོད་སྤོ་མཁན་ཉིན་རེ་ལས་མ་འདས་པར་མང་དུ་འགྲོ་བཞིན་པ་མིག་མཐོང་ལག་ཟིན་ཡིན་པ་དག་ནི་ང་ཚོའི་ཤིན་ཏུ་མཁོ་ཆེ་བའི་བསྟོད་པ་གཏོང་ཡུལ་རེད། ང་ཚོའི་འཛིན་གྲྭ་གཅིག་གི་སློབ་མར་ཡང་གཤིས་ཀ་དང་ཁྱད་ཆོས་མི་འདྲ་བ་སྟེ། ལ་ལ་ནི་སློབ་སྦྱོང་གི་སྦྱངས་འབྲས་ཅུང་ཞན་ཙམ་ཡོད་ཀྱང་གླུ་ལེན་གར་འཁྲབ་སོགས་ཀྱི་ཐད་གཞན་གྱིས་བསྡུར་ཐབས་བྲལ། ང་ཚོས་ཁོ་ཚོའི་འཇོན་ཐང་དེ་དག་ལ་བསྟོད་བསྔགས་བཏང་ནས་དེ་དང་འདྲ་བར་སྦྱངས་བྱའི་བསླབ་ཚན་ཁག་ལ་འབད་འབུངས་བྱེད་དགོས་ལུགས་ཀྱི་སློབ་གསོ་གཏོང་རྒྱུའང་གལ་འགངས་ཤིན་ཏུ་ཆེ། འགའ་ཤས་ཀྱི་སྐད་ཆ་ཤོད་སྟངས་དང་བྱེད་སྟངས་འགའ་ཞིག་གིས་ང་ཚོར་བྱིས་དུས་ཀྱི་སེམས་ཁམས་དྭངས་མའི་ཕན་ཚུན་བསམ་ཤེས་དང་ཡར་བརྩོན་གྱི་སྙིང་སྟོབས་དང་བརྩོན་འགྲུས་ལ་ངེས་པར་དུ་བསྟོད་དགོས། བྱིས་པ་ཚོའི་འཚར་ལོངས་ཀྱི་ཁོར་ཡུག་ནང་། དགེ་སློབ་འགྲོགས་འདྲིས་ཀྱི་འཚོ་བའི་ནང་། ང་ཚོས་རང་གི་སློབ་ཕྲུག་གི་ལུས་ཐོག་ནས་ངེས་པར་དུ་བསྟོད་འོས་པའི་རྒྱུ་ཆ་བཙལ་འཚོལ་གྱིས་སློབ་མ་འདི་ཚོའི་འཕེལ་རྒྱས་ཀྱི་ཆེད་དུ་བྱིས་པའི་སེམས་ཁམས་དང་མཐུན་པའི་བསྟོད་དབྱངས་གྱེར་རྒྱུ་དེ་ཤིན་ཏུ་མཁོ་ཆེ། འོན་ཏེ། བསྟོད་བསྔགས་གཏོང་བའི་དུས་སྐབས་དམ་འཛིན་བྱེད་རྒྱུའང་ང་ཚོའི་དོ་སྣང་དང་བསམ་གཞིག་བྱ་ཡུལ་རེད་སྙམ།
བསྟོད་བསྔགས་གཏོང་ཐབས་ལ་རང་ཉིད་ཀྱིས་ཉམས་མྱོང་འགའ་ཞིག་སྨྲ་བར་བྱ་སྟེ། ལོ་ཆུང་བྱིས་པའི་སེམས་ཁམས་ནི་ལྷད་མེད་དྭངས་གཙང་ཞིག་ཡིན་ཡང་། མི་མང་པོའི་དཀྱིལ་དུ་དགེ་བའི་བཤེས་གཉེན་ཞིག་གི་བསྟོད་བསྔགས་ཐོབ་པ་ཡིན་ན། ཡར་བརྩོན་གྱི་སེམས་ཤུགས་ཤིག་ཀྱང་སླེབས་རྒྱུ་ཡིན་པ་མ་ཟད། ཕྱོགས་གཅིག་ནས་སློབ་མ་དེའི་ཧུར་བརྩོན་རྒྱུན་འཁྱོངས་ཐུབ་པར་ཕན་ཐོགས་ཆེན་པོ་ཡོད་ལ། ཕྱོགས་གཞན་ཞིག་ནས་སློབ་མ་གཞན་ཚོའི་མིག་དཔེ་རུ་འགྱུར་སྲིད། སྤྱིར་དེ་རང་ཉིད་ཀྱིས་ཉམས་མྱོང་དང་ཐབས་ཤེས་ཀྱིས་ཕྱུག་པའི་བཤེས་གཉེན་མང་ཆེ་བའི་ཞལ་སྒྲོས་སུ་འཁྱེར་བཞིན་འདུག ཚད་ལྡན་གྱི་སྦྱང་གཞི་ནི་སློབ་མས་སློབ་ཚན་ཡང་སྙིང་ཇི་ཙམ་རྟོགས་ཡོད་མེད་དང་བསླབས་ཟིན་པའི་ཤེས་བྱར་བསྐྱར་སྦྱོང་ཐུབ་པའི་ཐབས་ལམ་བཟང་པོ་ཞིག་ཀྱང་རེད། སློབ་མའི་སྦྱོང་ཚན་དུས་ཐོག་ཏུ་བཅོས་རྒྱུ་ནི་ང་ཚོའི་འོས་འགན་རེད་ལ། སློབ་མའི་སྦྱོང་ཚན་ཐོག་ཏུ་སྐུལ་ལྕག་གི་ཡི་གེ་འགའ་འབྲི་ཐུབ་ན་ཤིན་ཏུ་ལེགས་སྙམ་སྟེ། དེ་ཡང་སློབ་མར་བསྟོད་བསྔགས་དང་སློབ་གསོ་གཏོང་བའི་ཐབས་ལམ་ཡག་པོ་ཞིག་ཏུའང་སེམས་བཞིན་ཡོད།
གཉིས། བསྟོད་བསྔགས་ཀྱི་ཕན་ཡོན་བརྗོད་པ།
ང་ཚོས་ལོ་རྒྱུས་ལ་ཕྱིར་མིག་ལྟ་བ་དང་ད་ལྟ་མཐོང་ཆོས་མྱོང་གསུམ་དུ་གྱུར་པར་གཞིགས་ན། ང་ཚོའི་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ་ཆེས་མང་པོ་ཞིག་ལ་ཕ་མའམ་བཤེས་གཉེན་གྱི་ཐབས་ཤེས་མི་འདྲ་བའི་བསྟོད་བསྔགས་བརྒྱུད་ཤུགས་རྐྱེན་བཟང་པོ་ཐེབས་ཡོད། དམིགས་བསལ་གྱི་སློབ་མ་འགའ་ཕུད་བསྟོད་བསྔགས་ཀྱིས་ཡར་རྒྱས་ཀྱི་གོམ་སྟབས་སྤོ་ཐུབ་པ་མིག་མཐོང་ལག་ཟིན་ཡིན་ལ། གནོན་ཤུགས་དང་བསླབ་ཚན་མང་བའི་རྐྱེན་གྱིས་སློབ་སྦྱོང་གི་གོམས་གཤིས་བརླགས་ནས་རིག་གནས་སྦྱོང་བར་ཞེན་པ་ལོག་མཁན་འགའ་ལ་ཡང་གསར་སྐྱེས་ཀྱི་མྱུ་གུར་ཆུ་ཕྲན་གྱི་བྱི་དོར་བྱས་པ་ཇི་བཞིན་གསོན་ཤུགས་རྒྱས་ཏེ་སློབ་སྦྱོང་ལ་དགའ་མོས་སྐྱེས་ཐུབ་པའི་ནུས་པའང་ལྡན་ཡོད། སློབ་གསོ་མཁས་ཅན་ཇི་སྙེད་ཅིག་གིས་ང་ཚོའི་བྱིས་པ་བསྟོད་བསྔགས་འོག་གསོ་སྐྱོང་བྱེད་དགོས་ཞེས་གསུངས་མྱོང་། འོན་ཏེ། དོན་དངོས་ཀྱི་སློབ་ཁྲིད་ནང་ང་ལྟ་བུའི་དགེ་མིང་འཛིན་པ་ཆེས་མང་པོ་ཞིག་གིས་དེ་ལྟའི་ནུས་པ་ཐོན་མི་ཐུབ་པ་ནི་ང་ཚོའི་སློབ་ཁྲིད་ཁྲོད་ཀྱི་སྐྱོན་གྱི་དྲི་མ་རུ་སེམས་ལ། དོན་དངོས་ཀྱི་སློབ་མའི་གཤིས་ཀ་དང་བསམ་བློའི་ཆུ་ཚད་ཀྱི་ཁྱད་པར་སོགས་ཀྱིས་འགལ་བའི་ཤུགས་ཀྱིས་ཆེས་དཀའ་ཚེགས་སུ་གྱུར་པའི་ལས་བྱའང་ཡིན་སྲིད། འོན་ཏེ། བློ་ཞིབ་མོས་བརྟག་ཚེ། བསྟོད་བསྔགས་ཀྱི་མེ་ཏོག་མཚར་སྡུག་ལྡན་པ་དེ་ང་ཚོ་དགེ་མིང་འཛིན་པ་དག་གིས་རང་ཉིད་ཀྱི་ཉམས་མྱོང་གི་ཁྲོད་ནས་སློབ་ཁྲིད་བྱེད་ཡུལ་གྱི་ལྡུམ་ར་འདིར་བཞད་པར་ཞིབ་འཇུག་དང་ཚོད་ལྟ་བརྒྱུད་དགོས་ངེས་རེད། དེ་ལྟར་བྱས་ན་གཞི་ནས་ཁ་སྟོང་ཚིག་སྟོང་ཙམ་མིན་པར་ལག་ལེན་དངོས་ནས་བསྟོད་བསྔགས་ཀྱི་ཕན་ནུས་ལ་སྔར་ལས་ལྷག་པའི་རྒྱུས་ལོན་ཐུབ་ངེས་རེད།
གསུམ། སྐུལ་ལྕག་དང་ཕན་ཡོན་གྱི་སྐོར།
ས་སྐྱ་པཎ་ཆེན་གྱིས། སྨྲས་ཤིང་བསྐུལ་བར་གྱུར་པ་ན།། དུད་འགྲོ་ལ་ཡང་གོ་བ་སྐྱེས།། མ་བསྐུལ་གཞན་གྱིས་མ་སྨྲས་པར།། བསམ་པ་ཤེས་ན་མཁས་པ་ཡིན། ཞེས་གསུངས་པ་ཇི་བཞིན། ང་ཚོ་སྐྱེས་བུ་ཞིག་ལ་བསྐུལ་བར་གྱུར་ན་ཅི་ལའང་ཧུར་བརྩོན་བྱེད་པ་ནི་སྨོས་མེད་རེད། དེ་བས་ཀྱང་མ་བསྐུལ་མ་བཤད་པར་རང་ཁྲིའི་ལས་བྱ་ལ་བརྩོན་པའི་རང་འགུལ་ཐུབ་པ་གསོ་སྐྱོང་བྱ་རྒྱུ་ནི་ང་ཚོའི་བསླབ་གཞིའི་ཆེས་ཚད་མཐོའི་འབྲས་བུར་ངེས་ལ། དེ་ནི་སྐུལ་ལྕག་འོག་གི་ཆེས་མཆོག་འགྱུར་གྱི་འབྲས་བཟང་ཡང་རེད། སྐུལ་ལྕག་ནི་རང་གི་སློབ་ཕྲུག་ལ་སྐུལ་སློང་བཟང་པོ་ཞིག་གིས་རྟ་ཕོ་ལྕག་གིས་བསྐུལ་བ་ཇི་བཞིན་རེད། ང་ལྟ་བུའི་སློབ་ཆུང་གི་དགེ་མིང་འཛིན་པ་ཙམ་ཞིག་གི་ལས་བྱ་ནས་གླེང་ན། ང་ཚོའི་སློབ་གསོའི་དམིགས་ས་ནི་བསམ་བློའི་གཏོང་ཕྱོགས་གང་ལའང་ཆེས་དྭངས་གཙང་དང་སྟབས་བདེ་ཡིན་པས་ང་ཚོས་སྐུལ་ལྕག་བྱས་ན་གཞི་ནས་ཁོང་ཚོས་སྦྱངས་བྱའི་གནས་ལ་འབད་པ་བྱེད་པ་ལས་རང་འགུལ་གྱིས་རིག་ཚན་ཁག་ལེགས་སྒྲུབ་བྱ་མཁན་ནི་ཧ་ཅང་ཉུང་། དེ་ནི་སློབ་མའི་སློབ་སྦྱོང་གི་གོམས་གཤིས་བཟང་པོ་འཇགས་པའི་བརྒྱུད་རིམ་ནང་ང་ཚོས་ནོར་འཁྲུལ་གྱི་ཐབས་ཤེས་དང་ཚ་འདེད་བཏང་དྲགས་པས་ཡིན་ཡང་སྲིད། དེ་ནི་ང་ཚོའི་སློབ་ཁྲིད་ཀྱི་སྐྱོན་ཆ་རུ་སེམས་ལ་ང་ཚོའི་སྐུལ་ལྕག་གི་ཐབས་ལམ་ནོར་བའང་སྲིད། རང་གཤིས་མི་འདྲ་བ་མངའ་བའི་བྱིས་པར་གཞིགས་ན་ཡར་རྒྱས་དང་རྗེས་ལུས་ཀྱི་བསྐོར་བ་རྒྱག་ལ། རྣམ་གཡེང་དང་སྣང་བ་མེད་པའི་སྟངས་སྟབས་ཀྱང་ཡོང་སྲིད། དེར་བརྟེན་ང་ཚོས་སྐུལ་ལྕག་གི་ཐབས་ཤེས་འདྲ་མིན་བརྒྱུད། ཁོ་ཚོའི་ལྷད་མེད་སེམས་ཀྱི་ཞིང་ས་ཆེན་པོར་རིག་གནས་ལ་དགའ་ཞེན་བྱེད་པའི་མྱུ་གུ་ཞིག་སྐྱེས་ཕྱིར། ཚ་དྲོད་རན་པའི་སྐུལ་ལྕག་གི་ས་བོན་ཞིག་འདེབས་རྒྱུ་ནི་ང་ཚོའི་ལས་བྱ་ངོ་མ་རེད། དེ་ཡང་སློབ་མ་ཆེ་གེ་མོ་ཞིག་གིས་དུས་རྒྱུན་སྦྱོང་ཚན་ཡག་པོ་དེ་ཙམ་འབྲི་མི་ཐུབ་ཀྱང་ཐེངས་གཅིག་ཡག་པོ་བྲིས་ཡོད་ཚེ་དེ་ནི་ང་ཚོས་སྐུལ་ལྕག་གཏོང་བའི་གོ་སྐབས་བཟང་པོ་ཞིག་ཡིན་ལ། བསྟོད་བསྔགས་དང་སྐུལ་ལྕག་ཟུང་སྦྲེལ་བྱེད་ཐུབ་ན་ཕན་ཐོགས་ཤིན་ཏུ་ཆེན་པོ་ཡོད་སྲིད། འོན་ཏེ། རྣམ་ཀུན་ང་འདྲ་བའི་དགེ་མིང་འཛིན་པ་མང་པོས་ཁོང་ཚོའི་ཤིན་ཏུ་འཚུབ་པ་དང་སྒྱིད་ལུག་གི་རྣམ་པ་མཐོང་བ་ཙམ་ལས། སྐབས་ཤིག་རིང་གི་ལེགས་ཆ་དེར་དུས་དང་བསྟུན་པའི་སྐུལ་ལྕག་བྱ་རྒྱུར་ལུས་པས། སློབ་མ་འདི་ལྟ་བུའི་ཡར་བརྩོན་གྱི་བསམ་པར་་འགོག་རྐྱེན་ཡང་བཟོ་བཞིན་འདུག གལ་ཏེ་ང་ཚོས་སྐུལ་ལྕག་ཐེངས་གཅིག་ལ་ཕན་ཐོགས་ཆེན་པོ་མ་ཐོན་ནའང་། དེ་ནི་ལས་བྱ་རླབས་པོ་ཆེ་ཞིག་རེད་སྙམ། སྐུལ་ལྕག་ནི་སློབ་མ་ཞིག་ལ་ཡར་བརྩོན་གྱི་སེམས་ཤུགས་འཕེལ་བའི་ཐབསལམ་བཟང་པོ་ཞིག་རེད་འདུག སྐུལ་ལྕག་བརྒྱུད་ཡར་རྒྱས་ཕྱིན་པའི་སློབ་མ་ནི་ང་ཚོའི་སློབ་ཁྲིད་ཀྱི་ཁོར་ཡུག་ཏུ་ཐོན་པའི་སློབ་མ་བཟང་པོ་ཞིག་ཆགས་སྲིད། ཚད་ལྡན་གྱི་སྐུལ་ལྕག་ཅིག་མེད་ན། ཡར་རྒྱས་ཀྱི་གོམ་ཁ་ཆུང་ལ་ཚད་ལྡན་གྱི་སྐུལ་ལྕག་དང་བྲལ་ན་ད་ལྟའི་སློབ་སྦྱོང་གི་གོམས་གཤིས་བཟང་པོ་ཡང་བརླགས་སྲིད། ཚད་ལྡན་གྱི་སྐུལ་ལྕག་ནི་ཉམས་མྱོང་གི་ཤེས་བྱས་ཕྱུག་པའི་བཤེས་གཉེན་ཚོའི་སློབ་གསོ་སློབ་ཁྲིད་ཀྱི་ཐབས་ཤེས་ཁྲོད་ནས་འོད་སྣང་ཆེ་བའི་རྒྱན་ཆ་ཞིག་དང་མཚུངས་ལ། ལམ་ནོར་ལྡོག་ཤེས་ཐུབ་པའི་སློབ་མ་ཚོས་བཤེས་གཉེན་གྱི་ལུས་ཐོག་ནས་ཚོར་བའི་དྲོད་ཁོལ་གྱི་ཆ་ཡང་རེད།
མདོར་ན། གོང་སྨོས་ཀྱི་གཏམ་ཐན་ཐུན་ནི་ངས་སློབ་ཁྲིད་ཀྱི་འཚོ་བ་དངོས་ནས་ཚུར་ཤེས་ཀྱི་མྱོང་བ་དང་མ་འོངས་པར་རང་ཉིད་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་ལམ་ཐོག་ནས་བཙལ་འཚོལ་ཐུབ་ཕྱིར་བྲིས་པའི་བསམ་བློའི་རི་མོ་ཙམ་ཞིག་ཡིན། དེ་དག་ནི་རིགས་པའི་གཞུང་ལུགས་ཀྱི་མཛེས་རྒྱན་དང་བྲལ་ཡང་། དེ་ནི་ཁོ་བོས་རང་ཉིད་ཀྱི་སློབ་མ་གཉིས་ཀྱི་ལུས་ཐོག་ནས་བསྟོད་བསྔགས་དང་སྐུལ་ལྕག་གི་ཕན་ནུས་མཐོང་རྗེས་ཀྱི་སེམས་ཀྱི་མྱོང་བ་དེར་རང་ཉིད་ཀྱི་ལྟ་བ་ལྷུག་བརྗོད་ཙམ་དུ་ཟད། ཡིན་ནའང་དེ་ལ་རིན་ཐང་དང་མཛེས་པའི་ཆ་ཕྲན་བུ་མངའ་ཡང་བསམ་གཞིག་གཏིང་རིང་མེད་པ་དང་རིགས་པའི་གཞུང་ལུགས་ཀྱི་དཔྱད་གཞི་དྲང་རྒྱུ་དང་བྲལ་བའི་སྐད་ཆ་དག་ཡིག་ཐོག་ཏུ་ཕབ་པ་ནི་ཀློག་པ་པོ་ཚོའི་སྤྱན་སྔར་དགོད་བྲོ་དང་ཆོ་མེད་ཀྱི་ལབ་བརྡོལ་ཡང་ཡིན་སྲིད་དོ། །
(ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་པ་སངས་བཀྲ་ཤིས་ དང་ལྷུན་གྲུབ་རྫོང་བྱང་ཁ་ཤང་ལྟེ་བའི་སློབ་ཆུང་གི་དབྱངས་ཅན་ཚེ་བརྟན་གྱིས)
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣