ཉེ་ཆར་གསར་འགོད་པར་པ་སྣམ་རྫོང་ནས་ཤེས་རྟོགས་བྱུང་བར། པ་སྣམ་རྫོང་གི་དེང་རབས་ཞིང་ལས་ཐོན་ལས་གླིང་འདི་ཉིད་2018ལོའི་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་གཏོད་འཛུགས་མིང་ཐོའི་ནང་བདེ་བླག་ངང་ཚུད་ནས་མིང་ཐོའི་ནང་ཚུད་པའི་རང་ལྗོངས་ཀྱི་ཞིང་ལས་ཐོན་ལས་གླིང་ཐོག་མར་གྱུར་ཡོད།
པ་སྣམ་རྫོང་གི་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་དེ་པ་སྣམ་རྫོང་གི་བྱང་ཕྱོགས་ཀྱི་ཤང་གྲོང་བཞི་དང་མྱང་ཆུ་གཙང་པོའི་ངོགས་སུ་གནས་ཡོད། “སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ་དང་། ལྗང་མདོག་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ། ཕན་འབྲས་ལ་བརྟེན་ནས་ཞིང་པར་ཕན་འདོགས་པ”བཅས་ཀྱི་རྩ་དོན་གཞིར་བཟུང་ཐོན་ལས་གླིང་དེས“ཇོ་མོ་གླང་མའི་སྐྱེ་ལྡན”དང“ཚོན་མདོག་སྣ་ལྔའི་གནས་མཆོག སྐྱེ་ལྡན་རིགས་འཛོམས་ཀྱི་པ་སྣམ”གྱི་དེང་རབས་ཞིང་ལས་ཐོན་ལས་མ་ལག་གཏོད་འཛུགས་རིམ་སྤོར་བྱ་རྒྱུར་དམིགས་པ་དང་། སྐྱེ་ལྡན་ནས་དང་སྐྱེ་ལྡན་སྒྲིག་བཀོད་ལྡུམ་རའི་གཙོ་ཁྲིད་ཐོན་ལས་ཆེན་པོ་གཉིས་ལ་དམིགས་པ། “ཐོན་སྐྱེད+ཚན་རྩལ+ལས་སྣོན+སྤུས་རྟགས+ཚོང་གཉེར”བཅས་ཀྱི་ཐོན་ལས་སྦྲེལ་ཐག་འཕེལ་རྒྱས་དང་རིམ་སྤོར་བྱ་རྒྱུར་སྐུལ་འདེད་གཏོང་བ། ཐོན་ལས་གླིང་གི་ཞིང་པས་ཐོན་ལས་གཉིས་པ་དང་གསུམ་པའི་རིན་ཐང་འཕར་མའི་ཕན་འབྲས་མཉམ་སྤྱོད་བྱེད་པའི་ཞིང་འབྲེལ་ཞིང་ཁྲིད་ཀྱི་ལམ་སྲོལ་ཕྱོགས་ཡོངས་ནས་འཛུགས་པ། ལྗང་མདོག་སྣོད་བཅུད་ཀྱི་ཐོན་ལས་མ་ལག་དང་། ལས་རིགས་སྒྲོལ་བའི་མཉམ་འདྲེས་ཀྱི་ཐོན་ལས་མ་ལག ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་ཚན་རྩལ་མ་ལག མཉམ་ལས་གཉིས་ཁེའི་གཉེར་སྐྱོང་མ་ལག་བཅས་མགྱོགས་མྱུར་འཛུགས་པ་བཅས་བྱས་ཏེ་གོ་ལ་ཧྲིལ་པོའི་མཐོ་གྲང་ས་ཁུལ་གྱི་མི་དང་རང་བྱུང་ཁམས་ཞི་མཐུན་འཕེལ་རྒྱས་ཀྱི་ཚེ་སྲོག་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་དཔེ་སྟོན་ཁུལ་དང་།རྒྱལ་ཡོངས་ཀྱི་ནས་ཀྱི་ཐོན་ལས་དང་ས་མཐོའི་སྒྲིག་བཀོད་ལྡུམ་རའི་སྒྱུ་རྩལ་ཐོན་ལས་གསར་གཏོད་འཕེལ་རྒྱས་ཀྱི་སྣེ་འདྲེན་ཁུལ། རང་ལྗོངས་ཀྱི་ཐོན་ལས་དར་རྒྱས་དང་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་ཁུལ་བཅས་གཏོད་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཞིང་ལས་དང་གྲོང་གསེབ་པུའུ་དང་ནོར་སྲིད་པུས་ཉིན་ཤས་གོང་2018ལོའི་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་རེ་ཞུ་བྱས་ནས་འཛུགས་པ་དང་འདེམས་སྒྲུག་ཞིབ་དཔྱད་ཀྱི་ལས་དོན་སྤེལ་སྒོ་བཙུགས་པ་རེད། རྫོང(གྲོང་ཁྱེར་དང་ཆུས)གིས་ཞུ་ཡིག་འབུལ་བ་དང་། ཞིང་ཆེན་གྱིས་འོས་སྦྱོར་བྱེད་པ། ཡིག་ཆ་ཞིབ་དཔྱད་བྱེད་པ། ས་གནས་ས་ཐོག་ཏུ་རྩོད་ལན་འདེབས་པ་སོགས་ཡོངས་བསྒྲགས་འགྲན་རྩོད་འདེམས་སྒྲུག་གི་གོ་རིམ་སྤྱད་པ་དང་གོ་རིམ་གཞིར་བཟུང་སྙན་སེང་ཞུས་པ་བརྒྱུད། པ་སྣམ་རྫོང་ཞིང་ལས་ཐོན་ལས་གླིང་ཚུད་པའི་དེང་རབས་ཀྱི་ཞིང་ལས་ཐོན་ལས་གླིང་21རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་གཏོད་རྒྱུར་རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་པ་རེད།