ཀྲུང་གོའི་གསར་གཏོད་ཕྱོགས་བཅུར་ཁྱབ། ལྷ་སའི་ཕུགས་འདུན་མཉམ་དུ་གཏོད་ཅེས་པའི་སྐབས་དང་པོའི་བོད་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེན་པོའི་མཐའ་བསྡུར་ཉེ་ཆར་ལྷ་སར་མཇུག་འགྲིལ་བ་རེད། ད་ཐེངས་འགྲན་བསྡུར་གྱི་དུས་ཡུན་ཟླ་གཅིག་ལྷག་ཙམ་ཡིན་པ་དང་། ཡོངས་བསྒྲགས་ཐོ་འགོད་དང་། ཐད་ཀར་དཔྱད་བསྡུར། འགྲན་ཚུད་དཔྱད་འདེམས་དང་། དེ་བཞིན་སྤྱིའི་མཐའ་བསྡུར་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་ཕུལ་བྱུང་རྣམ་གྲངས་12ཧྲག་འདེམས་བྱས་པ་དག་ལ་འགྲན་བསྡུར་ཆེན་པོའི“འཕེལ་རྒྱས་ཁེ་ལས་ཚོགས་ཆུང”དང“ཐོག་མའི་གསར་གཏོད་ཁེ་ལས་ཚོགས་ཆུང”གི་བྱ་དགའ་ཨང་དང་པོ་དང་། གཉིས་པ། གསུམ་པ་སོགས་སོ་སོར་ཐོབ་ཡོད་པ་རེད།
འགྲན་བསྡུར་ཆེན་པོའི་དམིགས་ཡུལ་ནི། སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་ལས་གཏོད་ཀྱི་སྤྲོ་སེམས་སྔར་བས་འཕེལ་བ་དང་། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱི་གསར་གཏོད་འཕེལ་རྒྱས་ལ་རྒྱབ་སྐྱོར། མང་ཚོགས་ཀྱིས་གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་བཅས་བྱེད་པའི་ལས་སྟེགས་ཧུར་ཐག་གཏོད་ནས་གསར་གཏོད་ཀྱི་འདོད་འདུན་ཡོད་མཁན་དེ་བས་མང་བ་བོད་དུ་ལས་གཏོད་བྱ་རྒྱུར་སྐུལ་འདེད་དང་ཁྲིད་སྟོན་བྱ་རྒྱུ་ཡིན་པ་རེད།
འགྲན་བསྡུར་ཆེན་པོའི་སྒྲིག་འཛུགས་ཨུ་ལྷན་ལ་ཁྱོན“ཐོག་མའི་གསར་གཏོད་ཁེ་ལས་ཚོགས་ཆུང”87གྱི་ཚན་རྩལ་གཉིས་གཏོད་རྣམ་གྲངས་ཀྱི་རེ་ཞུ་དང“འཕེལ་རྒྱས་ཁེ་ལས་ཚོགས་ཆུང”68གྱི་ཚན་རྩལ་གསར་གཏོད་རེ་ཞུ་འབྱོར་ཡོད་པ་དང་། རིགས་གཅིག་མཁས་ཅན་སློབ་དཔོན་གྱིས་ཐད་ཀར་འདེམས་སྒྲུག་དཔྱད་ཞིབ་བྱས་པ་བརྒྱུད། མཐར་ཁེ་ལས་12ཀྱི་རྩེར་སོན་རྣམ་གྲངས་མཐའ་བསྡུར་ནང་ཚུད་ཡོད་པ་རེད།
རིམ་འཕར་འགྲན་བསྡུར་ནང་ཚུད་པའི་ཁེ་ལས་ཁག་ལྷ་ས་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱི་ཀུན་གཏོད་བྱ་ཡུལ་བར་མཐོངས་དང་། ཐོན་ལས་གླིང་ཁུལ་བཅས་སུ་སྔོན་ལ་བཅའ་སྡོད་བྱེད་ཆོག་པ་དང་། ཆ་རྐྱེན་དང་འཚམས་པའི་ཁེ་ལས་ལ་ལས་གཏོད་ཁག་ཐེག་དངུལ་བུན་མང་ཤོས་སྒོར་ཁྲི་300གཏོང་རྒྱུ་རེད། ད་དུང་མཐའ་བསྡུར་གྱི་ལེགས་གྲས་12ནང་ཚུད་པའི་ལས་གཏོད་ཚོགས་པ(ཁེ་ལས)ལྷ་ས་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱིས་རྒྱལ་ཁབ་ཕྱི་ནང་གི་ཕུལ་བྱུང་གི་མ་འཇོག་མཁན་དང་གསར་གཏོད་མ་འཇོག་སྒྲིག་གཞི་དང་གཅིག་གྱུར་མཐུན་སྦྱོར་སྦྲེལ་མཐུད་བྱ་རྒྱུ་རེད། འགྲན་བསྡུར་ཆེན་པོའི་མདུན་གྲལ་60ཡི་ནང་ཚུད་པའི་རེ་ཞུའི་གསར་གཏོད་པ་ཚང་མ་པེ་ཅིང་སློབ་ཆེན་ལས་གཏོད་སྦྱོང་བརྡར་སྒར་སའི་བོད་ལྗོངས་དམིགས་གསལ་སྦྱོང་བརྡར་སྒར་སའི(དུས་ཐེངས་2)ནང་འཇུག་རྒྱུ་ཡིན་པ་རེད། པེ་ཅིང་ལས་གཏོད་སྦྱོང་བརྡར་སྒར་སས་ལས་གཏོད་ཀྱི་བསླབ་པ་རྒན་གྲས་ཀྱི་སློབ་དཔོན་དང་། ལས་རིགས་ཀྱི་སྣེ་ཁྲིད་མཁན། གྲགས་ཅན་མ་འཇོག་མཁན། མཐོ་སློབ་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་སྒྲིག་འཛུགས་བྱས་ནས་གསར་གཏོད་མཁན་ལ་རྒྱབ་སྐྱོར་དང་། མ་རྩ་སྦྲེལ་མཐུད། སྲིད་ཇུས་ཟུར་ཁྲིད། ནོར་དོན་དོ་དམ། ཁྲིམས་དོན་རྒྱབ་སྐྱོར། མི་ཤུགས་ཐོན་ཁུངས། ཁྲོམ་ར་རྒྱ་སྐྱེད། དོ་དམ་བློ་འདྲི་སོགས་ཕྱོགས་མང་པོའི་ཐད་ནས་ལས་གཏོད་ལ་ཟུར་ཁྲིད་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།
སྐབས་དང་པོའི་བོད་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེན་པོ་ནི“ལྷ་སའི་ཕུགས་བསམ་གཏོད་པའི”འཆར་གཞིའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། འཆར་གཞི་དེས“གཉིས་གཏོད”ཀྱི་གཞི་རྟེན་སྐྲུན་པ་དང་། ལས་སྟེགས་གཏོད་པ། ཁོར་ཡུག་འཛུགས་སྐྲུན། མ་དངུལ་བསྡུ་སྒྲིལ་ཆེར་གཏོང་། ལམ་སྲོལ་གསར་གཏོད་སོགས་ཀྱི་ཐབས་ལམ་བརྒྱུད་ལྷ་སའི་སྤྱི་ཡོངས་ཀྱི“གཉིས་གཏོད”རྣམ་པ་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།
བོད་ལྗོངས་ཙང་ཀུའི་དེ་སྔའི་བཟའ་བཅའ་ཚད་ཡོད་ཀུང་སིར་ཐོག་མའི་གསར་གཏོད་ཚོགས་ཆུང་རྣམ་གྲངས་དཔྱད་འདེམས་ཀྱི་ཨང་དང་པོ་ཐོབ་པ་དང་། རྣམ་གྲངས་དེས་བོད་ཀྱི་ཁྱད་ལྡན་ཐོན་ཁུངས་བེད་སྤྱོད་དང་། སྔོན་ཐོན་གྱི་བཟའ་བཅའི་ཚན་རྩལ་དང་ཟུང་འབྲེལ་བྱས་ནས་བདེ་ཐང་དང་བྲོ་བ་ཞིམ་པའི་བཟའ་བཅའ་གསར་པ་བཟོ་རྒྱུ་རེད། དེའི་ཐོན་རྫས་ནང་འཁྱག་སྐམ་བེ་ཤ་དང་། འཁྱག་སྐམ་སྡོང་ཕུང་། ནས་β- རྒུན་འབྲུམ་མངར་ཆ་བསྡུ་ལེན་ལག་རྩལ་སོགས་ཡོད། རྣམ་གྲངས་དེ་སྲོལ་གཏོད་མཁན་ཡིའུ་ལིན་ཧྲན་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མྱོང་བ་དང་། 2013ལོར་རྒྱལ་ནང་དུ་ལོག་ནས་ཀུང་སི་འཕེལ་རྒྱས་གཏོང་འགོ་ཚུགས་པ་རེད། ཁོང་གིས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཕུལ་བྱུང་གི་གསར་གཏོད་ལས་གཏོད་རྒྱབ་སྐྱོར་མ་ལག་བཏོད་པས་མ་དངུལ་གྱི་རྒྱབ་སྐྱོར་དང་དངུལ་བུན་རྒྱབ་སྐྱོར་སོགས་ཀྱི་ཐད་གསར་གཏོད་མཁན་ལ་རོགས་རམ་ཤུགས་ཆེན་བྱས་ཡོད། འབྱུང་འགྱུར་བོད་རང་གི་མཉམ་ལས་རོགས་ཟླའི་མ་ལག་འཕེལ་རྒྱས་གཏིང་ཟབ་གཏོང་རྒྱུའི་འཆར་གཞི་ཡོད་ཅེས་བརྗོད་པ་རེད།