དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སློབ་ཆུང་སློབ་མས་སློབ་ཚན་ཀློག་འབྱོང་པོ་ཞིག་ཡོང་བར་ཇི་ལྟར་བྱ་དགོས་མིན་ཐད་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-06-27

    ཀློག་པ་ནི་རྩོམ་ཡིག་འབྲི་བའི་རྨང་གཞི་ཡིན། བཀླགས་པ་བརྒྱུད་དཔེ་དེབ་ཀྱི་ནང་དོན་རང་གི་ཀླད་པར་འཇགས་ཐུབ་པ་དང་གོ་དོན་རྟོགས་ཐུབ་ཀྱི་ཡོད་པ་ཇི་བཞིན་གང་སློབ་བྱའི་སློབ་ཚན་ལ་དང་ཐོག་མར་ཀློག་པ་གཙོ་སྟེ། དེ་སྔོན་འགྲོར་གཞིགས་ནས་སློབ་ཚན་ལ་གོ་བ་ལེན་རྒྱུ་ནི་ཤིན་ཏུ་ནས་གལ་འགངས་ཆེ་བས། སློབ་མར་ཀློག་པའི་ནུས་རྩལ་གསོ་སྐྱོང་ལེགས་པོ་བྱེད་དགོས།

    དང་པོ། སྔོན་ཀློག

    སྐད་ཡིག་སློབ་ཚན་ནང་སྔོན་ཀློག་གི་གནས་བབ་ངེས་ཅན་ཞིག་བཟུང་ཡོད་དེ། སྔོན་ཀློག་གི་གོམས་གཤིས་འཇགས་སོང་ན་སློབ་ཚན་གསར་པའི་ནང་དོན་ཤེས་རྟོགས་ལ་མི་དམན་པའི་ཕན་འབྲས་ཐོན་རྒྱུ་ནི་སྨོས་ཅི་དགོས། མ་ཟད་རང་འགུལ་གྱི་སྐད་ཡིག་སྦྱོང་བའི་ནུས་པ་མཐོར་འདེགས་འགྲོ་ངེས། སྔོན་ཀློག་གི་ཐབས་ཤེས་བཟང་པོ་ཤེས་པ་ནི་ཤེས་བྱའི་སྒོ་མོ་ཕྱེ་བའི་ལྡེ་མིག་རང་ལ་ཐོབ་པ་དང་ཀུན་ནས་མཚུངས་ལ། རང་འགུལ་གྱི་འཇོན་ནུས་མཐོར་འདེགས་ལ་འབད་བརྩོན་བྱས་པའོ། དེའང་སློབ་ཚན་སྔོན་ཀློག་ཇི་ལྟར་བྱ་བར་སྐུལ་དགོས་ཞེ་ན།

    1.རགས་ཀློག

    རགས་ཀློག་བྱས་ནས་གེགས་སྐྱོན་མེད་པར་བཟོ་དགོས་པ་སྟེ། དོགས་གཞི་ཡོད་པའི་མིང་དང་ཚིག་རྣམས་འཕྲད་རྗེས། རང་འགུལ་གྱིས་ཚིག་མཛོད་ནས་འཚོལ་བའམ་རྟགས་བརྒྱབ་ནས་འདྲི་བར་བརྩོན་དགོས། གྲ་སྒྲིག་དེ་ལྟར་བྱས་རྗེས་གཞི་ནས་སློབ་ཚན་གྱེར་ཀློག་ལ་དཀའ་ངལ་མེད་པ་ཞིག་ཆགས་ཐུབ་པ་དང་། སློབ་ཚན་གྱི་ནང་དོན་དང་སྤྱི་ཁོག་ལ་ངེས་ཤེས་སྐྱེ་བ། སློབ་ཚན་ལ་གོ་བ་ལོན་པའི་ཚད་དེ་བས་ཟབ་ཏུ་འགྲོ་ངེས་ཡིན། དཔེར་ན། དམག་མི་རྒྱག་པའི་དམ་བཅའ་བཞག་ལྟ་བུར་དམག་མི་རྒྱགས་པའི་དམ་བཅའ་བཞག་ལྟ་བུར་ཀློག་ནོར་བའི་འཁྲུལ་དེ་ཡོང་སྲིད་པས། ཀློག་ནོར་ན་དོན་ལོག་འགྲོ་ལ་དག་ཆར་ཡང་འཁྲུལ་བ་ཡོང་བཞིན་ཡོད།

    2.ཞིབ་ཀློག

    ཞིབ་ཀློག་ནི་ནན་ཏན་ངང་བློ་ཞིབ་མོས་ཀློག་དགོས་པ་ཡིན། དུམ་བུ་དབྱེ་བ། དུམ་བུའི་གཙོ་དོན་དང་བརྗོད་སྙིང་གཙོ་བོ་ཕྱོགས་བསྡུས་བྱ་བར་རང་གིས་བསམ་གཞིག་བྱ་དགོས་ལ་ཚོད་ལྟའང་བྱ་དགོས། བརྗོད་པ་དང་ཚིག་དུམ་བརྒྱུད་ནས་ཀློག་དགོས་ཤིང་དོགས་གནད་ཀྱི་འདྲི་གཞི་འདོན་དགོས། དཔེར་ན། རུས་སྦལ་མཁའ་ལས་ལྷུང་བ་ལྟ་བུའི་སློབ་ཚན་སྔོན་ཀློག་བྱ་སྐབས། སློབ་ཚན་གྱི་དུམ་བུ་དང་པོར་ལོ་མང་ཐན་པ་བྱུང་ནས་རྫིང་བུ་དེ་བསྐམས་པ་རེད་ལྟ་བུའི་ཚིག་དེར་རྟགས་བརྒྱབ་ནས་རྫིང་བུ་བསྐམས་རྗེས་གནས་ཚུལ་གང་དག་ཡོང་མིན་ལ་བསམ་བློ་གཏོང་དགོས་པ་དང་། སློབ་ཚན་ཚོགས་སྐབས་དོགས་གཞི་དེ་འཁྱེར་ནས་ནན་ཏན་ངང་རྒན་ལགས་ཀྱིས་འགྲེལ་བཤད་ལ་ཉན་འཇོག་བྱས་ན་མྱུར་པོར་དེ་དོན་ཤེས་རྟོགས་ཡོང་ངེས། དེ་བས་སྔོན་སྦྱོང་སྐབས་ངེས་པར་དུ་སློབ་ཚན་རེ་རེ་བཞིན་སྔོན་ཀློག་དང་སྔོན་སྦྱོང་གི་བློ་སྒོ་འབྱེད་དགོས། བློ་སྒོ་འབྱེད་པ་དེ་ཡང་གཙོ་བོ་སློབ་ཚན་གྱི་གཙོ་གནད་དང་དཀའ་གནད་ལ་དམིགས་ནས་བློ་འབྱེད་རང་བཞིན་དགོས་ཤིང་སློབ་མའི་བསམ་གཞིག་གི་ཆ་དེར་སྣེ་ཁྲིད་ནས་ལན་འདེབས་པའི་རེ་བ་འདོན་མི་དགོས།དུས་མཚུངས་མིང་དང་ཚིག་ཁ་ཤས་བཏོན་ནས་སློབ་མར་འབྲེལ་ཡོད་ཀྱི་ལག་ཆ་བེད་སྤྱད་དུ་བཅུག་སྟེ། ནང་དོན་ལ་གོ་བ་ལེན་དུ་འཇུག་པ་དང་ཤེས་རྟོགས་བྱེད་དུ་འཇུག་དགོས། སྔོན་ཀློག་གིས་སློབ་མ་རྣམས་ལ་སློབ་སྦྱོང་གི་དགའ་སྣང་སྤྲོ་སྣང་འཕེལ་དུ་འཇུག་ལ། སློབ་ཚན་ཚོགས་སྐབས་དགེ་རྒན་ནས་འདྲི་བ་འདོན་སྐབས་སློབ་མས་རང་ངོས་ནས་ཀྱང་ལན་ཆུ་རྒྱུག་རྒྱུག་འདེབས་ཤེས་པའི་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ།

    གཉིས་པ། གྱེར་ཀློག

    གྱེར་ཀློག་ནི་སྒྲ་འདོན་པའི་ལྟ་ཀློག་གི་ཐབས་ཤིག་ཡིན་ཞིང་། དེ་ནི་སློབ་ཆུང་སློབ་མས་ལྟ་ཀློག་སློབ་གསོའི་འགན་འཁྲི་སྒྲུབ་པའི་རྨང་གཞིའི་ནུས་པ་གལ་ཆེན་ཞིག་ཡིན། སྐད་ཡིག་སློབ་སྦྱོང་གི་ངོས་ནས་བརྗོད་ན་གྱེར་ཀློག་ནི་གཙོ་གལ་ཤིན་ཏུ་ཆེ། གྱེར་ཀློག་ནི་ལྟ་ཀློག་གི་འགོ་འཛུགས་ས་ཡིན་ལ། སློབ་ཚན་གྱི་ནང་དོན་ལ་གོ་བ་ལེན་པའི་གལ་ཆེའི་ཐབས་ལམ་ཞིག་ཀྱང་རེད། དེས་སློབ་མའི་རིག་སྟོབས་འཕེལ་བར་ཕན་ཞིང་བསམ་བློར་ཤུགས་རྐྱེན་བཟང་པོ་ཐེབས་བཞིན་ཡོད།

    “གསལ་ཞིང་དག་ལ་སྙན་ཞིང་མྱུར་བའི་སྒོ་ནས་སློབ་ཚན་གྱེར་ཀློག་བྱེད་ཐུབ་པ”ཞེས་པ་བཞིན་གྱེར་ཀློག་བྱེད་སྐབས་དགེ་རྒན་ནས་འབེན་ལྟོས་མདའ་རྒྱག་གི་སྐབས་བསྟུན་གྱི་རེ་བ་འདོན་དགོས་ལ་དེ་བས་བརྩེ་དུང་འཆང་ནས་བཀླག་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་སྣང་བས། ཀློག་པའི་སྐབས་སུ་རང་ཉིད་རྩོམ་པ་པོ་ཡིན་པའི་ཚོར་སྣང་དྲོན་མོ་ཞིག་སྐྱེས་སུ་འཇུག་པར་སྐུལ་དགོས། གལ་སྲིད་རེ་བ་བཞིན་མ་བྱུང་བ་དཔེར་ན་ཚིག་གི་གཅོད་མཚམས་མི་གསལ་བ་དང་། སྒྲ་དག་པོ་མ་བྱུང་བ། ཡི་གེའི་སྐྱེ་གནས་མི་གསལ་བ། ཉམས་འགྱུར་མི་ལྡན་པ། ལྷག་པར་དུ་སྒྲ་ལྕི་ཡང་གི་གནས་ལ་དོ་སྣང་མ་བྱེད་པ་བཅས་ལ་ནན་བཤད་དང་རེ་བ་མཐོ་པོ་འདོན་དགོས་ལ་མང་ཙམ་ཀློག་པར་སྐུལ་དགོས། གྱེར་ཀློག་གི་རྣམ་པ་དེ་ཡང་རྐྱང་པ་ཞིག་མ་ཡིན་པར་སློབ་མས་ཀློག་ལ་སྤྲོ་བ་དང་། བསམ་གཞིག་ལ་དགའ་བ་བྱས་ནས་མོས་པ་སྐྱེད་སྲིང་བྱ་ཆེད་ཚོགས་ཆུང་ཁག་བགོས་དང་བུ་བུ་མོ་འགྲན་སྡུར་སོགས་ཀྱི་བྱ་ཐབས་དམིགས་བསལ་ལྡན་པ། སློབ་ཁྲིད་ལ་ཕན་པ་ངེས་ཅན་ཐོན་པའི་རིགས་སྤྱད་ནས་འཁྲུག་ཆ་དོད་པོའི་སློབ་ཁྲིད་ཀྱི་རྣམ་པ་ཞིག་བསྐྲུན་དགོས།

    གསུམ་པ། ཁོག་འདོན།

    ཁོག་འདོན་ནི་ཀློག་ལྟའི་ཐབས་གལ་ཆེན་ཞིག་ཡིན། ཁོག་འདོན་བྱས་ནས་སྒྲ་མ་བྱུང་བའི་བྱ་འགུལ་དེར་བརྟེན་ནས་མྱུར་པོར་ཀློག་དགོས་ཤིང་ཕན་ཚུན་འགོག་རྐྱེན་མེད་པ་དང་། ཁོར་ཡུག་ཁུ་སིམ་མེར་གནས་པའི་འགན་ལེན་དགོས། དེ་ལྟར་བྱུང་ཚེ་བསམ་བློ་གཅིག་བསྡུས་ཐོག་ཀློག་བྱའི་ནང་དོན་ལ་གོ་བ་ལེན་ཐུབ་པར་ཕན་ཞིང་སྐྱོ་ངལ་བསལ་ཐུབ། ཁོག་འདོན་བྱ་སྐབས་ང་ཚོས་སྒྲ་མི་འདོན་པ་དང་། མཆུ་ཏོ་མི་འགུལ་བ། མཛུབ་མོ་བཙུགས་ནས་མི་ཀློག་པ་བཅས་བྱ་དགོས། མ་ཟད་ཀློག་པའི་ཞོར་ལ་བསམ་གཞིག་བྱ་དགོས། ཁོག་འདོན་ཐོག་མར་སྦྱོང་སྐབས་སློབ་མས་རྒྱུན་འཇགས་ཀྱི་སྒྲ་འདོན་ཞིང་མཆུ་ཏོ་འགུལ་སྲིད། དེ་ནི་ཀློག་པའི་སྒྲ་ལ་བརྟེན་ནས་གོ་དོན་ཤེས་ཚོར་བྱ་བས། གནད་དོན་དེ་ཆུང་བས་དགེ་རྒན་རང་ངོས་ནས་རིམ་བཞིན་བཅོས་པར་སྐུལ་དགོས། ཁོག་འདོན་སྐབས་དེ་བས་བཀླག་བྱའི་ཡི་གེ་ཡོད་སར་མིག་སླེབས་པ་དང་། སེམས་གནས་པ། ལག་འགུལ་བ་བཅས་བྱ་དགོས་སྟེ། མིག་སླེབས་པ་ནི་ཚིག་འབྲུ་རེ་རེ་བཞིན་ངོས་འཛིན་དགོས་ཤིང་མིག་ལྟ་ཐེངས་གཅིག་ལ་སྟར་པ་ལྔ་དྲུག་ལ་སླེབས་པ་མི་ཡོང་བ་སྔོན་འགོག་བྱ་དགོས། སེམས་གནས་པ་ནི་དོ་སྣང་བྱེད་ཤུགས་གཅིག་བསྡུས་ཐོག་ཁོག་འདོན་དང་སྦྲགས་མནོ་བསམ་བཏང་ནས་རྗོད་བྱེད་ཚིག་དུམ་གྱི་ནང་དོན་ལ་གོ་བ་བླངས་ཏེ། ནང་ཕན་ཚུན་གྱི་འབྲེལ་བ་ཐག་གཅོད་བྱ་དགོས། ཁོག་འདོན་བྱས་རྗེས་སློབ་མ་རང་གིས་རང་ལ་མ་ཤེས་པའི་གནད་ཀྱི་འདྲི་བ་འདོན་དགོས། ལག་འགུལ་བ་ནི་ཁོག་འདོན་བྱ་སྐབས་ཀློག་པ་དང་སྦྲགས་སྨྱུ་གུ་འགུལ་དགོས་པ་སྟེ། གཙོ་གནད་ཀྱི་ཚིག་དང་དོགས་གཞི་ཡོད་པ། གོ་དཀའ་བའི་ཚིག་ལ་རྟགས་འཐེན་པ་དང་། དུམ་བུའི་ནང་གི་གོ་རིམ་ལ་རྟགས་བརྒྱབ་པ་སོགས་བྱས་ནས་རང་གི་མ་ཤེས་པའི་གནས་ངེས་རྗེས་ཁོག་འདོན་གྱི་ཕན་འབྲས་ཀྱི་ནུས་པ་མཐོ་རུ་གཏོང་དགོས།

    ང་ཚོས“ཁོག་འདོན་བྱེད་པར་མྱུར་ཚད་ངེས་ཅན་ཞིག་ལྡན་དགོས་ཤིང་། སྤྱིར་བཏང་གི་དཔེ་དེབ་ཁོག་འདོན་བྱས་ན་མ་མཐར་ཡང་སྐར་མ་རེར་ཚེག་ཁྱིམ200ཡན་ཀློག་ཐུབ་པ”ཞེས་པ་བཞིན་སྐད་ཡིག་བསླབ་ཚན་གྱི་ཚད་གཞིའི་རེ་བ་གསལ་སྟོན་ཐོག་ཐབས་ཤེས་ཟུང་འཇུག་གིས་སྦྱོང་བརྡར་བྱ་དགོས་ཤིང་དེ་བས་གལ་ཆེ་བ་ནི་སློབ་གསོ་སློབ་ཁྲིད་ཐོག་དོན་འཁྱོལ་བྱ་དགོས།

    མདོར་ན། གང་ཞིག་གསེར་གྱི་རི་ལ་གནས་གྱུར་ན།། དེ་ཡི་འདབ་ཆགས་ཐམས་ཅད་གསེར་ལ་གྱུར།། གང་ཞིག་དུག་གི་རི་ལ་གནས་གྱུར་ན།། དེ་ཡི་འདབ་ཆགས་ཐམས་ཅད་དུག་ལ་གྱུར།། ཞེས་པ་བཞིན་དགེ་རྒན་ཇི་ལྟ་བུ་ཞིག་ཡོད་ན་སློབ་མ་དེ་ལྟ་བུ་ཆགས་པ་ནི་སྨོས་མེད་རེད་སྙམ། དེས་ན་སློབ་ཁྲིད་པས་སློབ་མའི་ལྟ་ཀློག་གི་ནུས་པ་གསོ་སྐྱོང་ལ་འབད་པ་དང་ཟབ་འཇུག་ནན་ཏན་བྱ་དགོས། 

    (ཁྲེང་ཀོན་ཆུས་ཧའེ་ས་སློབ་ཆུང་གི་བྱམས་པ་སྒྲོན་མ་དང་སྐལ་བཟང་དར་རྒྱས་ཀྱིས)

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།