དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཀྱིས་ཚན་རྩལ་གསར་གཏོད་དང་ལས་གཏོད་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་གསར་པ་བཏོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-06-26

    ཉིན་ཤས་གོང་བོད་ཀྱི་ཚན་རྩལ་གསར་གཏོད་དང་ལས་གཏོད་འགྲན་བསྡུར་སྐབས་དང་པོ་ལྷ་སར་དངོས་སུ་འགོ་ཚུགས་ཤིང་། བོད་ཀྱིས་ད་ཐེངས་ཀྱི་བྱེད་སྒོར་ཚན་རྩལ་གསར་གཏོད་དང་ལས་གཏོད་ཀྱི་བྱ་ཐབས་གསར་པ་བཏོན་ཡོད་པས། ཕུལ་བྱུང་གི་ཚན་རྩལ་གསར་གཏོད་དང་ལས་གཏོད་རྣམ་གྲངས་ཁག་གཅིག་གིས་ཐོན་ལས་སྦྲེལ་མཐུད་དང་། མ་རྩ་བསྡུ་སྒྲིལ་ལ་རྒྱབ་སྐྱོར། དངོས་སྦྱོང་ལ་རྒྱབ་སྐྱོར། རྒྱུན་མཐུད་རྗེས་སྙེག་ལ་རོགས་སྐྱོར་སོགས་ཀྱི་སྲིད་ཇུས་ལོངས་སྤྱོད་བྱ་ཆོག་གི་ཡོད།

    དེའི་ཁྲོད་ད་ཐེངས་ཀྱི་ཚན་རྩལ་གསར་གཏོད་དང་ལས་གཏོད་འགྲན་བསྡུར་ལ་ཚུད་པའི་བདམས་ཐོན་པ་30ལྷ་ས་མཐོ་གསར་ཁུལ(སྣེའུ་ཁུལ་གསར)ཀུན་གཏོད་བར་མཐོངས་དང་། གསོ་སྐྱོང་ཡོ་བྱད། མགྱོགས་གཏོང་ཡོ་བྱད། ཐོན་ལས་གླིང་སོགས་སུ་སྔོན་ལ་བཅའ་སྡོད་བྱ་ཆོག་པ་མ་ཟད། ད་དུང་ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་ཀྱང་བྱ་ཆོག ཆ་རྐྱེན་འཛོམས་པའི་ཁེ་ལས་ལ་ལས་གཏོད་ཁག་ཐེག་དངུལ་བུན་མང་ཤོས་སྒོར་ཁྲི་300རྒྱབ་སྐྱོར་དང་ཆ་རྐྱེན་འཛོམས་པའི་མི་སྒེར་ལ་ལས་གཏོད་ཁག་ཐེག་དངུལ་བུན་མང་ཤོས་སྒོར་ཁྲི་50རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ད་དུང་འབྲེལ་ཡོད་གཏན་འབེབས་ལྟར་ཁ་གསབ་ཀྱང་སྤྲོད་ཀྱི་ཡོད། མཐའ་བསྡུར་ལ་ཚུད་པའི་ལས་གཏོད་ཚོགས་པ(ཁེ་ལས)12ལ་འགྲན་བསྡུར་གཉེར་མཁན་ཕྱོགས་ཀྱིས་རྒྱལ་ནང་གི་ཕུལ་བྱུང་མ་རྩ་འཇོག་མཁན་དང་གསར་གཏོད་མ་འཇོག་སྒྲིག་གཞི་དང་གཅིག་གྱུར་མཐུན་སྦྱོར་སྦྲེལ་མཐུད་བྱ་རྒྱུ་རེད།

    བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ཚན་རྩལ་ལས་གཏོད་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་པའོ་ཧན་ཝུན་གྱིས་ད་ཐེངས་ཀྱི་འགྲན་བསྡུར་ལ“ལས་གཏོད་ཀྱི་ལས་དང་པོ་བའི་ཁེ་ལས་ཚོགས་ཆུང”དང“འཕེལ་རྒྱས་འགྲོ་བཞིན་པའི་ཁེ་ལས་ཚོགས་ཆུང”ཞེས་ཚོགས་ཆུང་གཉིས་སུ་ཕྱེ་ཡོད། འགྲན་བསྡུར་ལ་ཞུགས་མཁན་ནི་ས་མཐོའི་སྐྱེ་དངོས་ཐོན་ལས(གསོ་རིག་སྨན་རྫས་དང་བདེ་སྲུང་རིགས་ཚུད་པ)དང་། ཆ་འཕྲིན་ལག་རྩལ(ཟོག་འགྲེམས་དྲ་བ་དང་། གྲངས་གཞི་ཆེན་པོ། མཉེན་ཆས་ཞབས་ཞུ་སོགས་ཚུད་པ) དྲ་ཐོག་ཚོང་དོན་བཅས་དང་། དེ་བཞིན་ལག་རྩལ་གསར་པ་དང་ཐོན་རྫས་གསར་པ་ཞིབ་བཟོ་དང་། བཟོ་སྐྲུན། ཞབས་ཞུ་སོགས་ཀྱི་ལས་སྒོ་གཉེར་མཁན་ལས་མ་རྐང་ཁྲོམ་རར་བཏོན་མེད་པའི་ཁེ་ལས་ཡིན་དགོས་ལ། 2017ལོར་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་2ལས་མི་བརྒལ་བའི་ཁེ་ལས་ཡིན་དགོས།

    མིག་སྔར་སྐབས་དང་པོའི་ཚན་རྩལ་གསར་གཏོད་དང་ལས་གཏོད་ཀྱི་འགྲན་བསྡུར་ཆེན་པོ་མིང་ཐོ་འགོད་པའི་དུས་མཚམས་སུ་སླེབས་ཡོད། མིང་ཐོ་འགོད་མཚམས་འཇོག་པའི་དུས་ཚོད་ནི་ཟླ་6ཚེས་30ཉིན་ཡིན། གསར་གཏོད་ནུས་པ་དང་འཕེལ་རྒྱས་ཀྱི་གཏིང་ཤུགས་ལྡན་པའི་ཁེ་ལས་ཀྱིས“པེ་ཅིང་སློབ་ཆེན་ལས་གཏོད་གསོ་སྦྱོང་སྒར་ས”ཞེས་པའི་གཞུང་ཕྱོགས་དྲ་ཚུགས(www.pkucy.org)སམ་ཡང་ན“ལྷ་ས་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གསར་གཏོད་དང་ལས་གཏོད་ཞབས་ཞུའི་ལས་སྟེགས”ཀྱི་གཞུང་ཕྱོགས་དྲ་ཚུགས(www.mcliuwu.com)སུ་ཞུགས་ནས་མིང་ཐོ་འགོད་ཆོག་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།