སློབ་ཆུང་སློབ་མ་ཞིག་ལ་ཆ་མཚོན་ནས་བཤད་ན། སྤྱིར་ལོ་ན་ཕྲ་བ་དང་། སྤྱི་ཚོགས་འཚོ་བར་རྒྱུས་མངའ་ཆུང་བས་འཇིག་རྟེན་གྱི་བྱ་བ་མང་པོ་ཞིག་ཕ་མ་དང་དགེ་རྒན་གྱི་རོགས་རམ་ལ་རྟེན་དགོས་ཀྱི་ཡོད། ལྷག་པར་དུ། སློབ་མ་རེ་འགའ་ཉིན་ལྟར་རྩེད་མོ་ཁོ་ནའི་དབང་དུ་སོང་སྟེ་སློབ་སྦྱོང་བྱེད་པར་དགའ་པོ་མེད་པ་དང་། ཕ་མ་དང་དགེ་རྒན་གྱིས་སློབ་སྦྱོང་བྱེད་དགོས་པའི་ཁ་ཏ་བསླབ་བྱས་མི་དགའ་བར་གྱུར་ནས་ཕ་མར་བསུན་སྣང་གི་བསམ་པ་སྐྱེ་བཞིན་ཡོད། སློབ་ཆུང་གི་སློབ་མ་འགའ་ཤས་སློབ་སྦྱོང་བྱེད་པར་སྤྲོ་སྣང་མེད་དོན་ནི་གཅིག་ནས་ང་ཚོ་དགེ་རྒན་དང་ཁྱིམ་བདག་གིས་སློབ་མར་སློབ་སྦྱོང་གི་ཐབས་ཤེས་ཡག་པོ་ཞིག་བཀོལ་སྤྱོད་མི་ཐུབ་པ་དང་། གཉིས་ནས་སློབ་མ་ཚོས་སློབ་སྦྱོང་བྱེད་དགོས་པའི་རྒྱུ་རྐྱེན་གསལ་པོ་མི་རྟོགས་པ། གསུམ་ནས་སློབ་མ་ཚོས་སློབ་སྦྱོང་གི་ཁྲོད་ནས་སྤྲོ་སྣང་རྙེད་མི་ཐུབ་པ་བཅས་རེད། གལ་ཏེ་སློབ་མའི་སློབ་སྦྱོང་གི་རང་འགུལ་རང་བཞིན་དང་སློབ་སྦྱོང་གི་སྦྱང་འབྲས་གོང་མཐོར་གཏོང་དགོས་བསམས་ན། དེའི་ཐབས་དམ་པ་ནི་སློབ་མ་ཚོའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བ་བྱེད་རྒྱུ་དེ་ལས་མ་འདས། དེས་ན་ཇི་ལྟར་བྱས་ནས་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བར་བྱ་དགོས་སམ་ཞེ་ན།
གཅིག སེམས་ཁུར་དང་གཅེས་སྐྱོང་གཙོ་བོར་འཛིན་དགོས།
སློབ་གྲྭའི་རྒྱལ་སྒོ་འཛུལ་མ་ཐག་པའི་སློབ་ཆུང་གི་སློབ་མ་ཞིག་ལ་ཆ་མཚོན་ནས་བཤད་ན། སློབ་གྲྭ་ནི་ཁོར་ཡུག་གསར་པ་ཞིག་རེད། གནས་དེར་རྒྱུས་མངའ་གཏན་ནས་མེད་པའི་དགེ་རྒན་མང་དག་ཅིག་ཡོད་ལ། དེ་བས་ངོ་མི་ཤེས་པའི་སློབ་མའང་ཁྱུ་གཅིག་ཡོད། སློབ་གྲྭའི་གནས་ཡུལ་དང་ཁོར་ཡུག་སོགས་མི་འདྲ་བས་དུས་ཡུན་ངེས་ཅན་ཞིག་མ་སོང་ན་ཁོང་ཚོས་གློ་བུར་དུ་ཁོར་ཡུག་གསར་པ་དེ་འདྲ་ཞིག་ཏུ་སློབ་སྦྱོང་དང་འཚོ་བར་གོམས་མི་སྲིད། གལ་ཏེ་སྐབས་དེ་དུས་དགེ་རྒན་གྱི་སེམས་ཁུར་དང་གཅེས་སྐྱོང་མེད་ན་ཁོང་ཚོར་སློབ་སྦྱོང་བྱེད་འདོད་ཀྱི་བསམ་པ་ལྟ་ཞོག ཐ་ན་རྒྱུས་མངའ་མེད་པའི་སློབ་གྲྭའི་ཁོར་ཡུག་གསར་པ་དེ་རུ་ཡོང་འདོད་ཀྱང་བྱ་མི་སྲིད། སྐབས་དེ་དུས་ང་ཚོ་དགེ་རྒན་ཚོས་རང་འགུལ་ངང་སློབ་མ་དང་ཉེ་བར་བཅར་ནས་ཁོང་ཚོ་དང་འབྲེལ་བ་བཟང་པོ་ཞིག་འཛུགས་དགོས་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ།
དགེ་སློབ་དབར་དུ་འབྲེལ་བ་འཛུགས་པ་དང་འབྲེལ་བ་ཟབ་ཏུ་གཏོང་དགོས་ན། ངེས་པར་དུ་དགེ་སློབ་དབར་ཕན་ཚུན་རྒྱུས་མངའ་ཟབ་མོ་ཡོད་དགོས། སློབ་མར་རྒྱུས་ལོན་དང་ཤེས་རྟོགས་བྱེད་པ་ནི་དགེ་རྒན་གྱིས་སློབ་སྟོན་བྱེད་པའི་སྔོན་འགྲོ་ཡིན་ལ། ལག་ལེན་ལས་བདེན་དཔང་བྱས་པ་ལྟར་ན། སློབ་མར་རྒྱུས་ལོན་གསལ་པོ་བྱེད་པ་ནི་དགེ་རྒན་གྱི་སློབ་སྟོན་ལེགས་གྲུབ་དང་སློབ་མ་དང་འཆམ་མཐུན་མཉམ་གནས་ཡོང་བའི་གཞི་རྩའི་ཆ་རྐྱེན་ཞིག་ཡིན་ཁར། སློབ་མས་དགེ་རྒན་ལ་རྒྱུས་ལོན་བྱེད་པའང་སློབ་མས་དགེ་རྒན་གྱི་སློབ་སྟོན་ལ་ཡིད་ཆེས་བྱེད་པའི་གཞི་འཛིན་ས་གཙོ་བོ་ཞིག་དང་། སློབ་མའི་སློབ་སྦྱོང་གི་ཧུར་བརྩོན་རང་བཞིན་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཀྱང་རེད། སློབ་ཆུང་སློབ་མ་རྣམས་རང་ཉིད་ལ་ཚོད་འཛིན་བྱེད་པའི་ནུས་པ་ཞན་ཙམ་ཡིན་པ་དང་། དུས་མཚུངས་སུ་བྱ་བ་གང་རུང་ལ་གཞན་རྟེན་གྱི་འདུ་ཤེས་ཆེ་བས། དགེ་རྒན་ལ་དགའ་དང་མི་དགའ་བ་ཡི་འཛིན་སྟངས་ཤིག་ཆགས་པ་དང་། རང་ཉིད་དགའ་བའི་དགེ་རྒན་ཡིན་ན་དགེ་རྒན་དེས་འཁྲིད་པའི་སློབ་ཚན་ལ་དགའ་བ་དང་། དེའི་རིག་ཚན་དེར་འབད་པ་དང་ཧུར་བརྩོན་བྱེད་ངེས་པས་སྦྱང་འབྲས་ཀྱང་བཟང་པོ་ཐོབ་ཀྱི་ཡོད། དེ་ལས་ལྡོག་སྟེ་ཁོ་ཚོ་དགེ་རྒན་ཆེ་གེ་མོ་ཞིག་ལ་མ་དགའ་ཚེ། དགེ་རྒན་དེས་འཁྲིད་པའི་སློབ་ཚན་དེར་ཡང་མི་དགའ་བ་དང་། སེམས་གཏིང་ནས་བསུན་སྣང་དང་ཞེད་སྣང་གི་བསམ་པ་སྐྱེ་བ་མ་ཟད། ཐ་ན་དགེ་རྒན་དེའི་སློབ་ཚན་ལ་སློབ་བྱོལ་བྱ་སྲིད་པས་དེ་ལྟར་བྱས་ན་སློབ་མའི་སྦྱང་འབྲས་ཇེ་ཞན་དུ་འགྲོ་ངེས་རེད། དེར་བརྟེན་དགེ་རྒན་གྱིས་གནས་སྐབས་ཙམ་ལ་སློབ་མའི་སེམས་བཀུག་པ་ཙམ་གྱིས་མི་འགྲིག་པར། སློབ་མ་རྣམས་ལ་ཡུན་རིང་འབྲེལ་འདྲིས་ཀྱིས་སེམས་ཁུར་དང་གཅེས་སྐྱོང་། བརྩི་བཀུར་བཅས་བྱས་ནས་སློབ་མས་སེམས་གཏིང་ནས་རང་ཉིད་ལ་ཁས་ལེན་ཐོབ་པ་དང་དགའ་ཞེན་གྱི་བསམ་པ་སྐྱེ་རུ་འཇུག་དགོས། དེ་ལྟར་བྱས་ན། སློབ་མས་རང་ཉིད་ལ་དགའ་བ་ཇི་བཞིན་རང་ཉིད་ཀྱི་ཁྲིད་བྱའི་སློབ་ཚན་དེ་ལའང་རང་བཞིན་གྱིས་དགའ་ཞེན་བྱེད་པ་ཡིན།
གཉིས། སྐུལ་མ་དང་རྒྱབ་སྐྱོར་ལ་སྣང་ཆེན་བྱེད་དགོས།
སློབ་ཆུང་གི་སློབ་མ་ཞིག་ལ་ཆ་མཚོན་ནས་བཤད་ན། དགེ་རྒན་གྱིས་སློབ་མ་མང་པོའི་ཁྲོད་རང་ཉིད་ལ་བསྟོད་བསྔགས་བྱས་ཚེ་སྤྲོ་སྣང་འཕེལ་བ་དང་། རང་གི་སྐྱོན་ཆ་དང་ནོར་འཁྲུལ་ལ་སྐྱོན་བརྗོད་བྱས་ཚེ་སྐྱོ་སྣང་ཆེན་པོ་བྱེད་པ་ཡིན། དེར་བརྟེན་དགེ་རྒན་གྱིས་གང་བྱུང་དུ་སློབ་མའི་སེམས་ཁམས་ལ་གནོད་པའི་ཚིག་རྩུབ་མི་སྨྲ་བ་དང་། ཟུར་ཟ་བྱེད་མི་ཉན་པར་ཐབས་ཤེས་གཞན་ཞིག་སྤྱད་ནས་ཁོང་ཚོར་སྐུལ་མ་དང་རྒྱབ་སྐྱོར་བྱ་རྒྱུར་མཐོང་ཆེན་བྱེད་དགོས། དཔེར་ན་སྦྱོང་ཚན་བཟོ་བཅོས་བྱེད་སྐབས་སྤྱིར་བཏང་གི་འགྲིག་རྟགས་དང་ནོར་རྟགས་ཙམ་མ་ཡིན་པར། ཡག་པོ་བྲིས་འདུག་པས་མུ་མཐུད་འབད་བརྩོན་གྱིས་ཞེས་པའམ་ཡང་ན། ཡིག་གཟུགས་ལེགས་པོ་འདུག གལ་ཏེ་ནན་ཙམ་བྱས་ན་དེ་བས་ལེགས་སུ་འགྲོ་ངེས་ཞེས་གང་ལ་གང་འཚམས་ཀྱི་གདེང་འཇོག་དང་། རྒྱབ་སྐྱོར། སྐུལ་མ་བཅས་མང་ཙམ་བྱས་ན། སློབ་མའི་རང་འགུལ་རང་བཞིན་དེ་བས་ཆེ་རུ་འགྲོ་ངེས་ཡིན། དེ་མིན་དཔེར་ན། སློབ་མས་དགེ་རྒན་གྱི་དྲི་བར་ལན་བཏབ་པ་རྦད་དེ་ནོར་བའམ་དྲི་བ་དང་ལན་གཉིས་པོ་འབྲེལ་བ་གཏན་ནས་མེད་པའི་སྣང་ཚུལ་བྱུང་ཡང་། གང་ཐུབ་ཅི་ཐུབ་ཀྱིས་སློབ་མར་དེ་ནོར་བ་རེད། ཅེས་ཁ་ཚོན་མ་བཅད་པར། ཐབས་ལམ་གཞན་གྱི་ཐོག་ནས་ཁོང་ཚོར་སྐུལ་མ་བྱེད་དགོས་ཏེ། དཔེར་ན། སློབ་མ་བཀྲ་ཤིས་ཀྱིས་རང་གི་བསམ་ཚུལ་བརྗོད་པ་ངོ་མ་ཡག་པོ་འདུག གལ་ཏེ་དེབ་མང་ཙམ་བཀླག་ན། དེ་བས་ཡག་པ་ཡོང་ངེས་རེད། ཅེས་གདེང་འཇོག་དང་སྐུལ་མ་ཟུང་འབྲེལ་གྱི་ཐབས་ལམ་སྤྱད་ནས། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བ་བྱེད་དགོས། རྒྱུ་མཚན་ནི་སློབ་མས་སློབ་སྦྱོང་བྱེད་འདོད་པའི་ཀུན་སློང་བཟང་པོ་སྐྱེད་བསྲིང་བྱ་རྒྱུ་ནི་སློབ་མའི་སློབ་སྦྱོང་གི་སྦྱངས་འབྲས་ལེགས་པོ་ཐོབ་པའི་ཐབས་ལམ་བཟང་པོ་ཞིག་ཡིན། དགེ་རྒན་གྱི་གདེང་འཇོག་བཟང་ངན་ལས་སློབ་མའི་རྒྱུན་གཏན་གྱི་ཧུར་བརྩོན་ལ་ཤུགས་རྐྱེན་ཐེབས་ངེས། གདེང་འཇོག་བཟང་ན་སློབ་མའི་སློབ་སྦྱོང་གི་ཧུར་བརྩོན་རང་བཞིན་ལ་སྔར་བས་སྐུལ་སློང་ཐུབ་ནས་རིག་ལམ་རྒྱ་ཇེ་ཆེར་འགྲོ་བ་དང་། ཤེས་བྱ་སྔར་བས་མང་བར་རྒྱུས་ལོན་བྱེད་པར་ཕན་པ་དང་། དེ་ལས་ལྡོག་ན། སློབ་མའི་བརྩོན་སེམས་ལ་ཕོག་ཐུག་བཟོས་ནས་ཡིད་ཆེས་མེད་པར་འགྱུར་བ་དང་། བརྩོན་སེམས་ཉམས་པ་སོགས་སྣང་ཚུལ་ཐོན་གྱི་ཡོད། དེ་བས་སློབ་ཁྲིད་བྱེད་པའི་སྐབས་སུ་དགེ་རྒན་གྱིས་ནུས་ཚོད་ཀྱིས་སློབ་མའི་སེམས་ཁམས་དང་རང་བཀུར་བསམ་པར་ཕོག་ཐུག་བཟོ་བའི་སྐད་ཆ་མི་ཤོད་པར། སྐུལ་ལྕག་བཟང་པོའི་གདེང་འཇོག་བྱེད་དགོས་པ་ནི་གལ་ཆེ་བར་མཐོང་།
གསུམ། རྩེད་འཇོ་དང་དགོད་སྒྲའི་ཁྲོད་སློབ་སྦྱོང་བྱེད་དུ་འཇུག་དགོས།
སློབ་ཆུང་གི་སློབ་མ་རྣམས་ནི་ད་དུང་བྱིས་པའི་རྩེད་མོའི་སྣང་བ་དེ་ལས་ཡོངས་སུ་གྲོལ་མེད་པས། དགེ་རྒན་གྱིས་ཉེ་འགྲམ་དུ་ཐོན་པའི་གནས་ཚུལ་དང་འཚོ་བའི་ནང་གི་དགོད་བྲོ་བའི་གཏམ་རྒྱུད་འགའ་རེ་དཔེ་རུ་དྲངས་ཏེ་སློབ་ཁྲིད་ཀྱི་གཞོགས་འདེགས་སུ་བྱས་ན། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་རྒྱུར་ཕན་པ་ཆེན་པོ་ཡོད། དཔེར་ན་ང་ཚོས་མཚམས་ལ་ལར་ཉི་ཆོས་བཟང་པོ་དང་རོ་སྒྲུང་སོགས་ཀྱི་སྒྲུང་ཤོད་པ་དང་། མཚམས་ལ་ལར་སློབ་མར་གབ་ཚིག་དང་དགོད་བྲོའི་སྒྲུང་ཐུང་སོགས་བཤད་ནས་ཁོ་ཚོ་དགོད་སྒྲའི་ཁྲོད་སློབ་སྦྱོང་ལ་རོལ་ཐུབ་རྒྱུར་འབད་དགོས། གལ་ཏེ་དགེ་རྒན་གྱིས་ཤོད་རྐྱང་བྱེད་པ་དང་སློབ་མས་ཉན་རྐྱང་བྱས་ན་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་མི་ཐུབ་པ་མ་ཟད། སྒྱིད་ལུག་གི་བསམ་པས་གཉིད་ཅོག་རྒྱག་པ་དང་། ཡང་ན་རྩེད་མོ་གཞན་ལ་གཡེངས་ནས་དགེ་རྒན་གྱི་སློབ་ཁྲིད་ལ་སེམས་པ་གཏན་ནས་གནས་མི་སྲིད། དེ་འདྲའི་སྐབས་སུ་ང་ཚོ་དགེ་རྒན་རྣམ་པས་ཡུལ་དང་བབ་ལ་བསྟུན་ནས་སློབ་མའི་སེམས་ཁམས་ཀྱི་ཁྱད་ཆོས་སམ་དགའ་སྣང་དང་འཚམས་པའི་རྩེད་མཚར་རང་བཞིན་ལྡན་པའི་མཚར་གཏམ་ཤོད་པའམ་ཡང་ན་དགེ་སློབ་ཕན་ཚུན་མཉམ་ཞུགས་ཀྱིས་རོལ་རྩེད་ཀྱི་རང་བཞིན་ལྡན་པའི་རྩེད་མོའི་རྣམ་གྲངས་སྤེལ་ནས་སློབ་མའི་སེམས་པ་སློབ་ཁྲིད་ཐོག་གནས་ཐུབ་པ་དང་། སློབ་མ་ཚང་མ་དགེ་རྒན་གྱི་སློབ་ཁྲིད་ཀྱི་བཀོད་སྒྲིག་གཞིར་བཟུང་བྱ་འགུལ་ཁག་ལ་ཞུགས་རྒྱུར་འབད་དགོས། དེ་མ་གཏོགས་དགེ་རྒན་གྱིས་སློབ་མའི་སེམས་ཁམས་ཀྱི་ཁྱད་ཆོས་དང་དགའ་སྣང་སོགས་ལ་མ་བསྟུན་པར་དཔེ་དེབ་ཁོ་ནའི་རྗེས་སུ་འབྲངས་ན། སློབ་མའི་སློབ་སྦྱོང་བྱེད་འདོད་པའི་སེམས་ཤུགས་ཉམས་ནས་སློབ་སྦྱོང་བྱ་རྒྱུ་དེ་ཁོང་ཚོར་མཚོན་ན་གནོན་ཤུགས་ཤིག་དང་ཆེས་དཀའ་ཚེགས་ཅན་གྱི་དོན་ཞིག་ཏུ་འགྱུར་རྒྱུ་གདོན་མི་ཟའོ།
མདོར་ན། གོང་དུ་བརྗོད་པ་ལྟར། སློབ་ཆུང་སློབ་མ་རྣམས་ཀྱི་སློབ་སྦྱོང་ལ་འཛིན་པའི་ལྟ་ཚུལ་དང་། ཁོ་ཚོའི་སློབ་སྦྱོང་གི་སྦྱངས་འབྲས་མཐོ་རུ་གཏོང་དགོས་ན། ངེས་པར་དུ་ཁོ་ཚོར་རང་འགུལ་ངང་སློབ་སྦྱོང་བྱེད་པའི་གོམས་གཤིས་ཤིག་འཇགས་པར་བྱེད་དགོས་པ་དེ་རེད། དེ་ཕྱིར་དགེ་རྒན་ཚོས་ཐོག་མ་ཉིད་ནས་ཁོང་ཚོའི་བསམ་བློའི་འཁྱེར་ཕྱོགས་དང་དགའ་སྣང་དང་དད་མོས་ལ་གཞིགས་ནས་སློབ་ཁྲིད་བྱ་རྒྱུར་གཞོལ་ཏེ། ཐབས་ཤེས་གང་ཡོད་བཏོན་ནས་ཁོ་ཚོའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བར་འབད་དགོས་པ་ནི་གལ་འགངས་ཤིན་ཏུ་ཆེ་བར་མཐོང་།
(ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་ཆུང་གཉིས་པ་ནོར་འཛོམས་ནས)