བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུར་ལོ་དགུའི་འོས་འགན་སློབ་གསོའི་ལམ་ལུགས་ཀྱི་རེ་འདུན་ལྟར་སློབ་ཆུང་སློབ་མའི་ཁྱད་ཆོས་ལ་དམིགས་ནས་བོད་སྐད་ཡིག་གི་རྨང་གཞིའམ་ རྩིག་རྨང་བརྟན་པོ་ཞིག་འདིང་རྒྱུ་ནི་དགོས་གལ་ཤིན་ཏུ་ཆེ། ཁང་པ་ཞིག་ལ་དཔེ་མཚོན་ན་གལ་ཏེ་རྩིག་རྨང་བརྟན་པོ་ཞིག་མ་བྱུང་ཚེ་ཁང་པའི་སྒྲོམ་གཞི་བརྟན་པོ་ཞིག་ཡོང་ཐབས་མེད་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་ལ། སློབ་མའི་བོད་སྐད་ཡིག་གི་རྨང་གཞི་བརྟན་པོ་ཞིག་ད་ལྟ་ནས་ཆགས་ཐབས་མ་བྱས་ཚེ། ཕྱིན་བྱུང་སློབ་མའི་བོད་སྐད་ཡིག་གི་ཆུ་ཚད་ཡར་རྒྱས་འགྲོ་བར་འགོག་རྐྱེན་བཟོ་ངེས་རེད། སྔོན་ཆད་རང་ཉིད་ནས་སློབ་ཆུང་སློབ་མར་བོད་ཡིག་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་སློབ་མའི་ཁྲོད་དུ་བོད་སྐད་གཏམ་བཤད་བྱེད་སྟངས་ཐད་མི་འདང་བའི་ཞན་ཆ་མང་དག་ཅིག་ཡོད་པ་ཚོར་སྣང་བྱུང་བར་དམིགས་ཏེ། ད་ཐེངས་ཁོ་མོས་སློབ་ཆུང་སློབ་མའི་གཏམ་བཤད་ཀྱི་ནུས་པ་ཅུང་ཙམ་སྐྱེ་བསྲིང་དང་འཕེལ་རྒྱས་ཡོང་ན་སྙམ་ནས་དེའི་ཐད་རང་ཉིད་ཀྱི་བསམ་ཚུལ་དང་དྲན་འཆར་ཅུང་ཙམ་གླེང་བར་འདོད་དོ།
དང་པོ། སློབ་གྲྭར་ཞུགས་མ་ཐག་པའི་སློབ་མ་ཚོར་མཚོན་ན། གཟའ་འཁོར་གསུམ་ནས་བཞིའི་བར་མ་མཐར་ཡང་སྐད་ཆའི་འགྲོ་ལུགས་དང་། སྒྲའི་འདོན་སྟངས། སྒྲ་རྩོལ་ལྕི་ཡང་སོགས་ལ་སློབ་གསོ་སློབ་ཁྲིད་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། གལ་ཏེ་སྒྲ་དག་པོ་མ་བྱུང་ན“རྒན་ལགས”ཞེས་པར“གན་ལགས”ཞེས་བརྗོད་པ་དང་། “ང་བུ་བཅོལ་ཁང་ལ་འགྲོ་མྱོང”ཞེས་པར“འ་བུ་བཅོལ་ཁང་དུ་འགྲོ་མྱོང”ཞེས་པ་སོགས་སྒྲ་འཁྲུལ་ནས་བརྗོད་པའི་སྣང་ཚུལ་ཤིན་ཏུ་མང་བས་ངེས་པར་དུ་སྒྲའི་ང་རོ་གསལ་ཞིང་སྒྲ་ཡང་དག་པ་དང་། སྒྲ་གདངས་སྙན་འཇེབས་ལྡན་པ། སྒྲ་རྩོལ་ལྕི་ཡང་གི་རྣམ་པའི་ཐོག་ནས་ཚིག་གདངས་དང་། བཤད་ཉམས། དབྱངས་རྟ་དལ་ལྷོད་བཅས་ཀྱི་ཉམས་འགྱུར་སྣ་ཚོགས་མངོན་ཐུབ་པའི་འབད་བརྩོན་བྱེད་དགོས་པ་མཐོང་། དེའི་ཐད་རང་གི་ལྟ་ཚུལ་ནི་ཐ་སྙད་ལ་སོགས་སློབ་ཁྲིད་བྱེད་སྐབས་ངེས་པར་དུ་སླ་བ་ནས་དཀའ་བའི་ཕྱོགས་ལ་གོམ་པ་བགྲོད་དགོས་ཏེ། སློབ་ཚན་དངོས་སུ་འགོ་མ་ཚུགས་གོང་གི་སྐར་མ་ལྔ་ནས་བཅུའི་བར་སྤྱད་ནས་སློབ་མར་གང་བསམ་གང་དྲན་གྱི་སྐད་ཆ་ཤོད་དུ་བཅུག་སྟེ་སློབ་མའི་གཏམ་བཤད་ཀྱི་ནུས་པ་སྦྱོང་བརྡར་བྱེད་པ་དང་། སློབ་མས་བཤད་པའི་སྐད་ཆར་གོ་རིམ་འཁྲུག་ཡོད་མེད་སོགས་སློབ་མ་ཕན་ཚུན་དཔྱད་བསྡུར་དང་ཡོ་བསྲང་བྱེད་དུ་བཅུག་ཐོག་དགེ་རྒན་གྱིས་ཡང་བསྐྱར་ཁོང་ཚོས་བཤད་པའི་སྐད་ཆའི་ནང་ཐོན་པའི་སྐྱོན་ཆ་རྣམས་ཟུར་དུ་བཏོན་ནས། རྣམ་ཀུན་གྱི་འཚོ་བའི་ནང་ཕན་ཚུན་སྐད་ཆ་ཤོས་རེས་བྱེད་སྐབས་གོ་རིམ་འཁྲུག་པ་བྱུང་ན་སྐྱོན་གང་མཆིས་པ་དང་། སྒྲ་མ་དག་ན་དོན་འགྱུར་ཞིང་གཞན་གྱི་གོ་ནོར་བྱུང་སྟེ་ལས་ཀ་དང་སློབ་སྦྱོང་སོགས་གང་ཅིའི་ཐད་སྐྱོན་ཆ་ཆེ་བ་སོགས་བརྗོད་དགོས་པ་དང་། གཏམ་བཤད་ཀྱི་ནུས་པར་ཡར་རྒྱས་བྱུང་བའི་སློབ་མ་རྣམས་ལ་མེ་ཏོག་དམར་ཆུང་སོགས་ཀྱི་བྱ་དགའ་སྤྲོད་ཐབས་སྤྱད་དེ་སློབ་མར་སྐུལ་ལྕག་དང་སློབ་མའི་སེམས་ཤུགས་འཕེལ་བར་བྱེད་དགོས།
གཉིས་པ། སློབ་ཆུང་དུས་སྐབས་ནི་སློབ་མའི་གཟུགས་གཞི་དང་རིག་སྟོབས་སོགས་གང་ཅིར་འཚར་ལོངས་ཡོང་བཞིན་པའི་དུས་སྐབས་གལ་ཆེན་ཞིག་ཡིན་པས་སློབ་ཚན་དངོས་སུ་མ་འཚོགས་གོང་། སྒྲིག་ལམ་ནན་པོས་སློབ་མ་ཕན་ཚུན་སྐད་ཆ་ཤོད་མི་ཆོག་པའི་གཏན་འབེབས་མ་བྱས་པར། དེ་ལས་ལྡོག་སྟེ་རྣམ་ཀུན་སློབ་མས་ཁོ་ར་ཁོར་ཡུག་ལ་ཉམས་ཞིབ་བྱས་པའི་མྱོང་ཚོར་ལྷུག་པོར་བརྗོད་དུ་བཅུག་ཚེ་སློབ་མའི་གཏམ་བཤད་ཀྱི་ནུས་པ་དང་ཆུ་ཚད་གཉིས་ཀར་ཕན་པ་ཡོང་ཐུབ། དཔེར་ན། སྔོན་ལ་དགེ་རྒན་གྱིས་སློབ་མ་གང་རུང་ཞིག་ལ་དྲི་བ་བཏོན་ནས“ཁྱེད་མདང་ནུབ་དགོང་བཟས་ཚར་རྗེས་གང་བྱས་པ་ཡིན”ལྟ་བུར་སློབ་མ་ནས“མེ་ཏོག་ལྡུམ་རའི་ནང་འཆམ་འཆམ་དུ་ཕྱིན་པ་ཡིན”ཞེས་བཤད་ན་དེའི་སྐབས་དགེ་རྒན་གྱིས་སྐད་ཆ་འདྲི་མཚམས་མ་བཞག་པར་མུ་མཐུད་ནས“མེ་ཏོག་ལྡུམ་ར་ནས་ཁྱེད་ལ་འཆར་སྣང་གང་བྱུང”ཞེས་དྲིས་ན་སློབ་མས་རང་གི་འཆར་སྣང་དེ་དག་ལྷུག་པོར་བརྗོད་ངེས། དུས་མཚུངས་སུ་སློབ་མས་བཤད་པའི་སྐད་ཆའི་ནང་སྒྲ་མ་དག་པ་དང་ཐ་སྙད་བཀོལ་སྤྱོད་མི་འཚམ་པ་རྣམས་ལ་ཡོ་བསྲང་བྱས་ནས་ཐ་སྙད་རང་བཞིན་ལས་བརྗོད་པའི་ཕྲེང་བ་མཐུད་དགོས།
གསུམ་པ། ཟླ་བ་རེར་སློབ་ཕྲུག་བུ་དང་བུ་མོ་ཚོགས་ཆུང་ལྔ་དྲུག་ཙམ་ལ་བགོས་ནས་སྒྲུང་གཏམ་ཤོད་པ་དང་། བོད་སྐད་ཀྱི་བརྙན་འཕྲིན་ལེ་ཚན་ལད་མོ་བྱེད་པ། དེ་བཞིན་སློབ་ཚན་གྱི་ནང་དོན་སོགས་འཁྲབ་སྟོན་བྱེད་པའི་བྱེད་སྒོ་སྤེལ་དགོས། དེ་ཡང་དངོས་གཞིའི་བྱེད་སྒོ་མ་སྤེལ་སྔོན་ལ། སློབ་མ་ཕན་ཚུན་གོང་གི་ཚོགས་ཆུང་ཁག་བགོས་ལྟར་སྔོན་འགྲོའི་གྲ་སྒྲིག་ཡོད་པ་དང་། བརྒྱུད་རིམ་ཡོད་པ། རང་ལས་རྒན་པར་ཞེ་ཚིག་སྤྱོད་པ་དང་ཡིག་སྐད་སྤྱོད་པ་སོགས་ཀྱི་རེ་བ་ནན་པོ་བཅོལ་དགོས། མདོར་ན། ནང་དོན་ཁ་གསལ་ལ་གོ་རིམ་ལྡན་པའི་ངང་ནས་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ལེགས་སྒྲུབ་ཐོག་སློབ་མ་རྣམས་ཀྱིས་བོད་སྐད་ཡིག་སྦྱོང་འདོད་ཀྱི་བསམ་པ་སྐྱེད་སྲིང་བྱེད་དགོས།
བཞི་པ། གོང་རིམ་གྱི་བཀོད་སྒྲིག་དང་རེ་འདུན་ལྟར་དེང་དུས་སློབ་གྲྭ་ཁག་ལ་བྱང་ཚད་སློབ་གསོ་དར་སྤེལ་བཏང་དང་གཏོང་མུས་ཡིན་པས་སློབ་མའི་ཀུན་སྤྱོད་དང་། ཤེས་རིག གཟུགས་པོ། མཛེས་དཔྱོད་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བར་སློབ་ཚན་གཙོ་ཕལ་གྱི་དབྱེ་བ་མེད་པར་ཀུན་སྤྱོད་སློབ་གསོ། ཤེས་རིག་སློབ་གསོ། ལུས་རྩལ་སློབ་གསོ། མཛེས་དཔྱོད་སློབ་གསོའི་བྱེད་སྒོའི་ལྷུ་ལག་ཁག་ནང་མཐུན་སྦྱོར་ཡག་པོ་དགོས་གཤིས་སློབ་མའི་གཏམ་བཤད་ནུས་པ་གསོ་སྐྱོང་བྱེད་པ་དེས་བྱང་ཚད་སློབ་གསོའི་ཁྲོད་ཀྱི་སྟོང་ཆ་ཁ་གསབ་ཐུབ་ཡོད།
ལྔ་པ། དེང་དུས་རྒན་དར་གཞོན་གསུམ་གང་རུང་གི་གཏམ་གླེང་ཁྲོད་སྐད་ར་མ་ལུག་སྤྱོད་པའི་སྣང་ཚུལ་མང་དག་ཅིག་ཐོན་བཞིན་ཡོད་པས། སློབ་ཆུང་སློབ་མའི་བོད་ཡིག་དགེ་རྒན་ཞིག་ལ་ཆ་མཚོན་ན་སྣང་ཚུལ་དེར་སྣང་འཇོག་ཆེན་པོ་བྱས་ཏེ་རྒྱུན་དུ་སློབ་ཁྲིད་བྱེད་སྐབས་དེ་དག་དཔེ་མཚོན་དུ་བཀོད་ནས་ཡོ་བསྲང་བྱེད་རྒྱུའི་གལ་འགངས་ཤིན་ཏུ་ཆེ། དཔེར་ན། དུས་རྒྱུན་སློབ་གྲྭའི་ནང་སྤྱོད་སྒོ་ཆེ་བའི་རྒྱ་སྐད་ཀྱི་ཐ་སྙད་“上课”“下课”“排队了了”“老师”སོགས་པའི་རྒྱ་ཡིག་གི་ཐ་སྙད་ཐད་ཀར་བོད་སྐད་ནང་བསྲེས་ནས་སྤྱོད་དུ་མི་འཇུག་པར་སློབ་མར་ནན་བཤད་དང་ཟུར་ཁྲིད་བྱས་ཏེ“སློབ་ཚན་ཚུགས”“སློབ་ཚན་གྲོལ”“རུ་སྒྲིགས”“རྒན་ལགས”ཞེས་པ་དང་། སློབ་མའི་མིང་ལ“ངག་དབང”ཞེས་པ་འབོད་སྐབས“阿旺”ཞེས་རྒྱ་སྐད་ཀྱི་སྒྲ་ཐོན་པ་སོགས་ཀྱི་སྣང་ཚུལ་མང་དག་ཅིག་མཆིས་པས། རྣམ་ཀུན་ནས་སློབ་མ་ཚོས་ཕན་ཚུན་བོད་སྐད་ཐོག་ནས་སྐད་ཆ་ཤོད་སྐབས་བོད་སྐད་གཙང་མ་ཞིག་རྒྱག་རྒྱུར་སློབ་གསོ་དང་སྐུལ་སློང་བྱེད་དགོས།
མདོར་ན། སློབ་ཆུང་སློབ་མས་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་དང་ལྷག་དོན་བོད་སྐད་གཙང་མ་ཞིག་སྤྱོད་སྐབས་ནོར་འཁྲུལ་མང་དག་ཅིག་ཐོན་སྲིད་མོད། འོན་ཀྱང་རླབས་ཆེན་གྱི་བྱ་གཞག་ཅིག་མངོན་འགྱུར་བྱེད་པར་དཀའ་བ་དང་འགལ་རྐྱེན་སྣ་ཚོགས་ཁྱད་བསད་བྱེད་དགོས་གཤིས། ང་ཚོ་སློབ་ཆུང་དགེ་རྒན་ཞིག་གི་ངོས་ནས་བརྗོད་ན་སློབ་མ་ཚོའི་ལམ་སྟོན་གྱི་སྒྲོན་མེ་ལྟ་བུ་ཞིག་བྱས་ཏེ་སློབ་མའི་དཀའ་ཁག་དག་སེལ་རོགས་བྱེད་རྒྱུ་ནི་བཟློག་ཏུ་མེད་པའི་འོས་འགན་ཞིག་ཡིན་པས་ང་ཚོས་མིག་མདུན་གྱི་དཀའ་ངལ་ལ་གཉའ་ཞུམ་པ་དང་། རང་གི་ལྟོ་འགྲངས་ཙམ་གྱི་སྙོམས་ལས་ཁོ་ནར་དུས་འདའ་ནས་མ་བསྡད་པར་ཤིན་ཏུ་ལྕི་བའི་ལས་འགན་དེར་འབད་པ་བརྩོན་ལེན་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེའོ།
(ཁྲེང་ཀོན་ཆུས་ལས་རིགས་ལག་རྩལ་སྦྱོང་བརྡར་ལྟེ་གནས། བདེ་སྐྱིད་སྒྲོལ་དཀར་གྱིས)