དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སྒོ་བྱང་ཡིག་སྒྱུར་ལས་སྒྲ་རང་སོར་བཞག་པའི་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-06-20

    བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པའི་འགྲོས་དང་བསྟུན་ནས་ཚོང་ལས་སྐོར་གྱི་ཡིག་ཆ་འདྲ་མིན་སྣ་ཚོགས་ཆར་ཤུལ་གྱི་ཤ་མོ་ལྟར་དུ་རྡོལ་བཞིན་ཡོད། སྒོ་བྱང་ཡི་གེ་ནི་དེ་དག་གི་ཁྲོད་ཁྱབ་བརྡལ་ཆེ་ཞིང་ཚབ་མཚོན་རང་བཞིན་ལྡན་པའི་ཡིག་རིགས་ཤིག་རེད། འདིར་ལྷ་སའི་ལམ་ཆེན་བཞིའི(ཅང་སུའུ་ལམ་དང་། གླིང་རྒྱུད་ལམ། པེ་ཅིང་ཤར་ལམ། མཁར་རྔ་གདོང་ལམ)ཚོང་ཁང་གི་སྒོ་བྱང་ལ་དབྱེ་ཞིབ་བྱས་པར་གཞིགས་ན། རྒྱ་བོད་སྐད་གཉིས་སྒོ་བྱང་གིས་སྤྱིའི་སྒོ་བྱང་གི་99.9%བཟུང་གི་ཡོད་ཅིང་། ཧ་ལམ་51150ལྷག་འདུག ཡིན་ན་ཡང་ད་བར་དུ་རྒྱ་བོད་སྒོ་བྱང་སྒྱུར་ཐབས་ལ་བརྟག་དཔྱད་བྱས་པའི་དཔྱད་རྩོམ་ཐར་ཐོར་ཙམ་ལས་མཐོང་ཆོས་སུ་་མི་སྣང་ལ། ལྷག་པར་དུ་རྒྱ་བོད་སྒོ་བྱང་ཡིག་སྒྱུར་ལས་སྒྲ་རང་སོར་བཞག་པའི་སྐོར་གྱི་དཔྱད་གཏམ་དེ་བས་མཐོང་དཀོན་ན། ཁོ་བོས་རང་བློས་ཅི་ལྕོགས་ཀྱིས་དཔྱད་པ་གཏོང་ཁུལ་བྱའོ།

    དང་པོ། སྒྲ་རང་སོར་འཇོག་ཐབས་དང་སྒོ་བྱང་ཡི་གེ

    སྒྲ་རང་སོར་འཇོག་ཐབས་དང་སྒོ་བྱང་ཡི་གེ་གཉིས་ཀྱི་འགལ་འབྲེལ།

    གང་ལྟར་ཐད་སྒྱུར་དང་དོན་སྒྱུར་གཉིས་ལ་བསྡུར་ན། སྒྲ་རང་སོར་འཇོག་པའི་སྒྱུར་ཐབས་འདི་ཉིད་ལག་ལེན་ཁྲོད་བཀོལ་སྤྱོད་བྱེད་ཚད་ཅུང་ཉུང་བར་མཐོང་། འོན་ཏེ་ལྷ་སའི་ལམ་ཆེན་བཞིའི་སྒོ་བྱང་ཐམས་ཅད་པར་དུ་བླངས་ཤིང“excel”རེའུ་མིག་དུ་གློག་རྡུལ་གྲངས་གཞིར་ཕབ་ནས་དབྱེ་ཞིབ་བྱས་པ་ལྟར་ན། ཁྱོན་སྒོ་བྱང1117ཡོད་པ་ལས་814སྟེ་73%ལ་སྒྲ་རང་སོར་འཇོག་པའི་སྒྱུར་ཐབས་སྤྱད་ཡོད་པ་དང་། དེ་ལས་སྒོ་བྱང་96སྟེ་12%ནི་སྒྲ་རང་སོར་འཇོག་ཐབས་ཁོ་ནས་བསྒྱུར་ཡོད། ད་འོ་ན་སྒྲ་རང་སོར་འཇོག་ཐབས་དང་སྒོ་བྱང་ཡི་གེའི་དབར་ལ་དོན་དམ་པའི་འབྲེལ་བ་གང་འདྲ་ཡོད་མེད་ཞེ་ན། དེ་ཡང་།

    (1)སྒྲ་རང་སོར་འཇོག་ཐབས་དང་སྒོ་བྱང་ཡི་གེ་གཉིས་ཀྱི་འབྲེལ་བ།

    ད་ལྟ་ཡིག་སྒྱུར་རིག་གཞུང་ཞིབ་འཇུག་བྱེད་མཁན་མང་ཆེ་བས་ཁས་ལེན་པའི་ཨ་རིའི་ཡིག་སྒྱུར་གཞུང་ལུགས་སྨྲ་བ་ཡུ་ཅིན་ནེ་ཏེས་ཡིག་སྒྱུར་ནི“སྐད་དང་ཡི་གེ་ཞིག་གིས་བསྟན་པའི་བརྗོད་དོན་དང་རྩོམ་ཉམས་སོགས་སྐད་དང་ཡི་གེ་གཞན་ཞིག་ཏུ་ཁ་གཏད་འདྲ་མཉམ་ཀྱི་རྒྱུ་ཆ་བཀོལ་ནས་ཇི་བཞིན་བསྐྱར་མཚོན་བྱས་ཏེ་མ་ཡིག་དང་འགྱུར་ཡིག་གཉིས་ཀ་ནུས་པའི་སྒོ་ནས་འདྲ་མཚུངས་ཡོང་བར་བྱེད་པའི་རིག་གནས་ཀྱི་བྱེད་སྒོ་ཞིག་ཡིན” ཞེས་གསུངས་ཡོད་པ་ལས་མ་ཡིག་དང་འགྱུར་ཡིག་གཉིས་ཀ་ནུས་པའི་ཐད་ནས་འདྲ་མཚུངས་ཡིན་དགོས་པ་ནན་གྱིས་བསྟན་ཡོད། དེས་ན་གོང་དུ་བསྟན་པ་བཞིན་སྒོ་བྱང་ཡི་གེ་ནི་ཁྱད་པར་སྟོན་པའི་མིང་དང་ངོ་བོ་སྟོན་པའི་མིང་གཉིས་ཀྱིས་གྲུབ་ཡོད་པ་དང་། སྔ་མར་གཞི་རྩའི་བྱེད་ནུས་གསུམ་དང་ཕྱི་མར་གཅིག་ཡོད། བྱེད་ནུས་འདི་དག་མ་ཉམས་པར་འགྱུར་ཡིག་ཏུ་མཚོན་ཐུབ་པར་བྱེད་པ་ནི་ཡིག་སྒྱུར་བྱེད་སྒོའི་གཞི་རྩའི་རྩ་དོན་ཞིག་ཏུ་བརྩིས་ནས་ཡིག་སྒྱུར་གྱི་ལམ་དུ་ཞུགས་དགོས། གལ་སྲིད་སྒོ་བྱང་ཡི་གེའི་ཁྱད་པར་སྟོན་པའི་མིང་དོན་སྒྱུར་རམ་ཐད་སྒྱུར་བྱས་པའི་དབང་དུ་བྱས་ན། དཔེར་ན། “千里达自行车”ཞེས་པ་དེ“ལེ་དབར་སྟོང་ལ་སླེབས་པའི་རྐང་འཁོར”ལྟ་བུར་བསྒྱུར་དགོས་པ་དང་། “好利来”ཞེས་པ“ཁེ་བཟང་ཤོག”དང་། “བཀྲ་ཤིས་སྐྲ་བཞར་ཁང”ལ“吉祥理发店” “瑞兴百货日化”ལ“བཀྲ་ཤིས་ཡར་འཕེལ་ཉིན་མཁོའི་བརྒྱ་ཟོག”ལ་སོགས་པ་ལྟ་བུར་བསྒྱུར་དགོས། འོན་ཀྱང་། དེ་ལྟར་བསྒྱུར་པ་ན། ཁྱད་པར་སྟོན་པའི་མིང་གི་གཞི་རྩའི་ནུས་པ་རིགས་མཐུན་གྲས་ནས་ཁྱད་པར་བསྟན་ཏེ་ངོས་འཛིན་བྱེད་པའི་ནུས་པ་ཉམས་འགྲོ་བ་གཏན་འཁེལ་ཡིན་ཏེ། དཔེར་ན། མི་མིང་བཀྲ་ཤིས་ཞེས་པ་དོན་སྒྱུར་རམ་ཐད་སྒྱུར་བྱས་ནས“吉祥”དང“吉利”དང“祥瑞”སོགས་ལ་བསྒྱུར་བ་ཡིན་ན་བཀྲ་ཤིས་ཞེས་པའི་མིང་འཛིན་མཁན་མི་དེ་ངོས་འཛིན་མི་ཐུབ་པས་དེང་སང་འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་གང་ཡིན་ཡང་མི་མིང་མི་བསྒྱུར་བར་སོར་འཇོག་བྱེད་བཞིན་ཡོད་པ་དང་གནས་ལུགས་འདྲ་འདྲ་ཡིན། དེ་བས་སྒོ་བྱང་ཡི་གེའི་ཆེས་གཞི་རྩའི་ནུས་པ་ཁྱད་པར་བསྟན་ནས་ངོས་འཛིན་བྱེད་པའི་ནུས་པ་འདི་ཉིད་འགྱུར་ཡིག་ཏུ་བསྐྱར་མཚོན་བྱེད་ཆེད། དེ་ལ་སྒྲ་རང་སོར་འཇོག་པ་ལས་ཐབས་ཤེས་གང་ཡང་མེད་པར་སྣང་། དེ་ལྟར་ན་ལྷ་སའི་ལམ་ཆེན་བཞིའི་སྒོ་བྱང་མང་ཆེ་བར་སྒྲ་རང་སོར་བཞག་ཡོད་པ་ནི་བཟློག་ཏུ་མེད་པའི་ཆོས་ཉིད་གཅིག་ཡིན་ནོ།

    (2)སྒྲ་རང་སོར་འཇོག་ཐབས་དང་སྒོ་བྱང་ཡི་གེ་གཉིས་ཀྱི་འགལ་བ།

    ཉོ་མཁན་ཀྱི་སེམས་ལ་ངེས་བདེ་བ་དང་ཚོང་པའི་སྨོན་འདུན་མཚོན་པའི་ནུས་པ་འདི་གཉིས་ཀ་འགྱུར་ཡིག་ཏུ་ཇི་ལྟ་བ་བཞིན་མཚོན་ཐུབ་དགོས་ན་སྲོལ་རྒྱུན་གྱི་སྒྲ་རང་སོར་འཇོག་ཐབས་ཙམ་གྱིས་མི་འདང་བ་མངོན་གསལ་ཡིན། དཔེར་བརྗོད་ཁྲོད་སོར་འཇོག་བྱས་ཡོད་པའི་སྒྲ་དེ་དག་ལ་སེམས་ལ་ངེས་བདེ་བ་དང་སྨོན་འདུན་མཚོན་པའི་ནུས་པ་དེ་ཙམ་མི་འདུག་སྟེ། དཔེར་ན། “千里达”ཞེས་པ“ཆན་ལིའི་ཏཱ”ལ་བསྒྱུར་ཡོད་པར་མཚོན་ན་མ་ཡིག་གི་སྒྲ་དོད་ཙམ་ལས་སྨོན་འདུན་ལྟ་ཞོག་ཀློག་བདེ་བ་དང་སེམས་ལ་ངེས་བདེ་བའི་ཁྱད་ཆོས་མེད་པར་སྣང་།

    སྒོ་བྱང་ཡི་གེའི་ཁྱད་ཆོས་སྟོན་པའི་མིང་གི་ཁྱད་པར་བསྟན་ནས་ངོས་འཛིན་བྱེད་པའི་གཞི་རྩའི་ནུས་པ་ཇི་ལྟ་བ་བཞིན་འགྱུར་ཡིག་ཏུ་མཚོན་ཕྱིར་དེ་ལ་སྒྲ་རང་སོར་འཇོག་དགོས་པ་ཆོས་ཉིད་དུ་གྲུབ་ཀྱང་། སྲོལ་རྒྱུན་གྱི་སྒྲ་རང་སོར་འཇོག་ཐབས་དེས་སྒོ་བྱང་གི་ཁྱད་ཆོས་སྟོན་པའི་མིང་གི་ནུས་པ་གཞན་དག་གཉིས་ཀ(ཉོ་མཁན་གྱི་སེམས་ལ་འཛིན་བདེ་བ་དང་ཚོང་པའི་སྨོན་འདུན་མཚོན་པ)འགྱུར་ཡིག་ཏུ་མཚོན་པར་དཀའ།

    གཉིས་པ། སྒོ་བྱང་ཡིག་སྒྱུར་ལས་སྒྲ་རང་སོར་འཇོག་ཐབས་བསྟན་པ།

    གོང་དུ་སྒོ་བྱང་ཡི་གེ་དང་དེའི་གྲུབ་ཆ། སྒོ་བྱང་ཡི་གེ་དང་སྒྲ་རང་སོར་འཇོག་ཐབས་གཉིས་ཀྱི་འགལ་འབྲེལ་བཅས་བསྟན་ཡོད། དེ་དག་ལས་སྒོ་བྱང་ཡི་གེའི་ཁྱད་པར་སྟོན་པའི་མིང་ལ་ངེས་པར་སྒྲ་རང་སོར་འཇོག་དགོས་པ་དང་། ད་ལྟ་སྤྱོད་མུས་སུ་ཡོད་པའི་སྒྲ་རང་སོར་འཇོག་ཐབས་དེས་ཁྱད་པར་སྟོན་པའི་མིང་གི་བྱེད་ནུས་རྣམས་མ་བརླགས་པར་ཆ་ཚང་འགྱུར་ཡིག་ཏུ་བསྐྱར་དུ་མཚོན་མི་ཐུབ་པ་སོགས་གསལ་བཤད་བྱས་ཡོད། གཤམ་དུ་སྒོ་བྱང་ཡི་གེའི་ཁྱད་པར་སྟོན་པའི་མིང་ཇི་ལྟར་བསྒྱུར་ན་གོང་གསལ་གྱི་འགལ་བ་དེ་དག་སེལ་ཐུབ་མིན་བཤད་པར་བྱའོ།

    གཅིག བརྡ་སྤྲོད་ཀྱི་ལུགས་དང་མི་འགལ་བ་རྩ་བ་ཡིན།

    དེང་གི་རྒྱ་བོད་སྒོ་བྱང་ཡིག་སྒྱུར་ལག་ལེན་ཁྲོད་མ་ཡིག་ལ་གོ་བ་ལོག་པར་བླངས་པའི་སྐྱོན་དང་མི་རིགས་ཀྱི་རིག་གནས་དང་ལོ་རྒྱུས་རྒྱབ་ལྗོངས་མ་རྟོགས་པའི་སྐྱོན། སྣང་ཆུང་གི་དབང་དུ་སོང་བའི་དག་ཆ་ནོར་བའི་སྐྱོན་སོགས་འགྱུར་སྐྱོན་འགའ་མཐོང་རྒྱུ་ཡོད། ད་དུང་སྒོ་བྱང་འགའི་ཡི་གེ་སྒྲ་རང་སོར་བཞག་ནས་སྒྱུར་སྐབས་སུམ་ཅུ་པ་དང་རྟགས་འཇུག་སོགས་གང་དུ་ཡང་བསྟན་མེད་པའི་ཡི་གེ་བཟོས་དང་བཟོ་བཞིན་ཡོད་དེ་དཔེར་ན། ཆིའི་ཕའེ(柒牌) པའེ་སེའི་ཏུན(百斯盾) པན་ཉིའི་ལུའུ(班尼路) ཧའོ་ལེས་ལའེ(好利来) ཝང་ཧའེ་ཟ་ཁང(王和饭馆) ལ་སོགས་པའི་ཁྲོད་ཀྱི་མིང་གཞིའི་རྗེས་སུ་སྦྱོར་བཞིན་པའི་འ་ཡིག་འདི་གསར་དུ་བཟོས་པའི་སྦྱོར་ལུགས་ཞིག་ཡིན་པར་སྙམ། འོན་ཀྱང་། སྲོལ་རྒྱུན་ལྟར་ན་ཁྱི་ལ་སོགས་པ་སེམས་ཅན་གྱི་མིང་ལ་འུ་ཡིག་སྦྱར་ན་སེམས་ཅན་གང་དེ་ཕྲུ་གུ་ཡིན་པ་མཚོན་པ་ལས་གཞན་ཡི་གེ་སྦྱོར་ལུགས་དེ་མཐོང་དུ་མེད། འོན་ཀྱང་ལྷ་སའི་ལམ་ཆེན་བཞིའི་སྒོ་བྱང་1117ལས་425སྟེ་38%ལ་སྦྱོར་ལུགས་གསར་པ་འདི་སྤྱད་ཡོད།

    གང་ལྟར་གསར་བཟོའི་ཡི་གེ་འདི་དག་གི་འབྱུང་རྩ་ནི་སྒྲ་རང་སོར་འཇོག་སྐབས་རྒྱ་སྐད་ལ་མཐའ་གཅིག་ཏུ་བསྟུན་ཅི་ཐུབ་བྱས་པས་ཡིན་པ་མངོན་གསལ་རེད།

    དབྱིན་རྒྱ་ཡིག་སྒྱུར་ལྟ་བུར་མཚོན་ན་ཡང་སྒྲ་རང་སོར་འཇོག་ཐབས་འདི་ཤིན་ཏུ་སྤྱོད་རྒྱ་ཆེན་པོ་ཡིན། འོན་ཀྱང་རང་སོར་བཞག་པའི་སྒྲ་རྣམས་ཆ་འདྲ་བ་ལས་གཅིག་པ་གཅིག་རྐྱང་ཡིན་པ་ཤིན་ཏུ་ཉུང་སྟེ། དཔེར་ན། NIKE(耐克) BENZ(奔驰) Coca Cola(可口可乐)

    མི་རིགས་སོ་སོའི་སྐད་ཀྱི་སྒྲ་གདངས་མི་འདྲ་བས་ཡིག་སྒྱུར་སྐབས་རང་སོར་བཞག་པའི་སྒྲ་རྣམས་གཅིག་པ་གཅིག་རྐྱང་དུ་ཆགས་མི་ཐུབ་པའི་གནས་ཚུལ་མང་ཞིང་སྐྱོན་དུའང་མི་མཐོང་ངོ། བོད་སྐད་དུ “f:”ཡི་སྒྲ་འདི་མེད་པས“飞机”ལ་ཕེ་ཅི་དང“凉粉”ལི་པི་སོགས་སུ་བརྗོད་པ་ལྟ་བུ།

    གཉིས། སྒྲའི་ཟུར་ལ་དོན་ཆགས་ཐུབ་ན་རབ་ཡིན།

    ཡང་རྒྱ་བོད་སྒོ་བྱང་ཡིག་སྒྱུར་ལས་སྒྲ་རང་སོར་བཞག་པའི་གནད་དོན་གཞན་ཞིག་ནི་རང་སོར་བཞག་པའི་སྒྲ་རྣམས་ལ་སྒྲ་དོད་རྐྱང་རྐྱང་ལས་བསམ་བློ་གཏོང་སའི་ནང་དོན་སྤུ་རྩེ་ཙམ་ཡང་མེད་པའི་སྐོར ། དཔེར་ན། “千里达自行车”(ཆན་ལིའི་ཏཱ་རྐང་འཁོར) “扬程家具”(གཡེང་ཁྲིང་ཁྱིམ་ཆས)ལས་རང་སོར་བཞག་པའི་སྒྲ་“ཆན་ལིའི་ཏཱ”དང་“གཡེང་ཁྲེང”གཉིས་ལྟ་བུ། གོང་དུ་བཤད་པ་བཞིན་སྤྱིར་སྒྲ་རང་སོར་འཇོག་སྐབས་སུམ་རྟགས་དག་གསུམ་དང་རྒྱབ་འགལ་མ་བྱས་ན་ནང་དོན་བསྐྱར་མཚོན་བྱེད་པར་ཨུ་ཚུགས་ཆེན་པོ་བྱེད་པའི་དགོས་པ་མེད་ཀྱང་། དེང་གི་སྒོ་བྱང་དང་ཚོང་རྟགས་ཡིག་སྒྱུར་གྱི་འགྲོ་ཕྱོགས་ལྟར་ན་འགྱུར་ཡིག་ཏུ་སྒྲ་དོན་གཉིས་ཀ་བསྐྱར་དུ་མཚོན་པར་གཞོལ་བཞིན་ཡོད་ཅིང་། གལ་སྲིད་སྒྲ་དོན་གཉིས་ཀ་བསྐྱར་མཚོན་བྱེད་ཐུབ་ན། ཉོ་མཁན་གྱི་སེམས་ལ་འཛིན་བདེ་བ་དང་ཚོང་པའི་སྨོན་འདུན་མཚོན་པའི་ནུས་པ་ཡང་འགྱུར་ཡིག་དུ་བསྐྱར་དུ་མཚོན་ཐུབ་ཀྱི་ཡོད། དཔེར་ན། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས“可口可乐”“ཁོལ་ཁོལ་ཁུ་ནག”ལ་བསྒྱུར་བ་དང་། “BENZ”ཞེས་པ“奔驰”ལ་བསྒྱུར་བ་སོགས་ལས་སྒྲ་དོད་ཕུད་ད་དུང་དོན་གྱི་ཟུར་ཙམ་ཡང་མཐོང་ཡས་ཡོད།

    ནམ་རྒྱུན་ང་ཚོས་ཡིག་སྒྱུར་བྱེད་པའི་སྐབས་སུ་སྒྱིད་ལུག་གི་དབང་དུ་སོང་ནས་སྒྲ་རང་སོར་འཇོག་དགོས་པ་རྣམས་ལ་བསམ་བློ་གཏོང་ཙམ་ཡང་མི་བྱེད་པར་སྒྲ་ཙམ་ཐོན་པ་བྱས་ནས་སྒྱུར་བཞིན་ཡོད། གལ་སྲིད་སྒོ་བྱང་དང་ཚོང་རྟགས་མི་ཉུང་བ་ཞིག་ལ་སྒྲ་དོན་ཟུང་འབྲེལ་གྱི་སྒྱུར་ཐབས་འདི་བཀོལ་ནས་དཔེར་ན། གོང་གི“千里达自行车”ཞེས་པ“ཡན་ལ་ཟླ་རྐང་འཁོར”ལྟ་བུ་དང་“扬程家具”ཞེས་པ“གཡང་ཁྱིམ་ཁྱིམ་ཆས”དང་ཡང་ན“གཡང་འཕྲིན་ཁྱིམ་ཆས”ལྟ་བུར་བསྒྱུར་ན། སྒྲའི་ཞོར་དུ་དོན་གྱི་ཟུར་ཙམ་ཡང་མཐོང་ཐུབ་པས། དེ་ལྟར་བསྒྱུར་པ་ན། སྔོན་བྱོན་ལོ་ཙཱ་བས“铺盖”ཕོ་ཁེབས་ལ་བསྒྱུར་བ་ལྟར། རྒྱ་ཆེའི་མང་ཚོགས་ལ་དོན་དམ་པའི་གོ་བརྡ་སྤྲོད་ཐུབ་ལ་མང་ཚོགས་ཀྱིས་ཀྱང་གཞི་ནས་དང་དུ་ལེན་སྲིད་དོ།

    (བོད་ལྗོངས་སློབ་ཆེན་གྱི་བསོད་ནམས་དར་རྒྱས)

    ལས་གཞི། 2016ལོའི་བོད་རང་སྐྱོང་ལྗོངས་ན་གཞོན་དགེ་རྒན་གསོ་སྐྱོང་ལས་གཞི། ལས་གཞིའི་ཨང་གྲངས། QCR2016-57

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།