དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སྔོ་ཚལ་གྱི་མིང་བརྡ་སྒྱུར་སྟངས་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-06-20

    རྒྱ་བོད་ལོ་ཙཱ་ལ་ཆ་མཚོན་ན། སྐད་རིགས་མི་འདྲ་བ་གཉིས་ཕན་ཚུན་སྦྱོར་བདེ་བ་དང་གོ་ཐུབ་པ་ཞིག་བྱེད་དགོས་ཤིང་། དེ་བས་མ་ཡིག་གི་དོན་དང་མི་འགལ་བ་བྱ་རྒྱུ་ནི་གཙོ་བོ་ཡིན་ཏེ། ཚལ་རིགས་སྣ་ཚོགས་ཀྱི་མིང་རྒྱ་བོད་སྐད་ལ་ཕན་ཚུན་སྒྱུར་བའི་དུས། ཡིག་སྒྱུར་གྱི་རྩ་དོན་དང་མི་འགལ་བའི་རྨང་གཞིའི་ཐོག་གནད་ལ་འཁེལ་བའི་སྒྱུར་ཐབས་སྤྱད་ནས་མང་ཚོགས་ཀྱིས་དང་ལེན་བྱེད་ཐུབ་པ་བྱ་རྒྱུ་ནི་དམིགས་ཡུལ་གཙོ་བོ་ཡིན་ཞིང་། སྤྱི་ཚོགས་དང་། ཚན་རིག ཆ་འཕྲིན། འགྲིམ་འགྲུལ་སོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ཕྱི་ཕྱོགས་ཀྱི་ཚལ་རིགས་མང་པོ་ཞིག་དེང་སྐབས་རང་རེའི་བོད་ཀྱི་རྒྱུན་ཟས་སུ་འགྱུར་བཞིན་པས་ན། དེ་དག་གི་མིང་ཚད་དང་མཐུན་པའི་སྒོ་ནས་བོད་སྐད་དུ་བསྒྱུར་མ་ཐུབ་ཚེ། བོད་རང་གི་རིག་གནས་དང་སྐད་ཡིག་ལ་ཤུགས་རྐྱེན་ངན་པ་ཐེབས་ངེས་ཡིན།

    གཅིག བོད་ཁུལ་དུ་དར་ཁྱབ་ཆེ་བའི་ཚལ་རིགས་ཀྱི་མིང་།

    བོད་རིགས་ནི་མཐོ་སྒང་དུ་འཚོ་སྡོད་བྱེད་པའི་མི་རིགས་ཤིག་ཡིན་པས། མཐོ་སྒང་གི་དབྱར་དགུན་སྟོན་དཔྱིད་ཀྱི་དབྱེ་བ་གསལ་ཞིང་། ས་བབ་དང་གནམ་གཤིས་སོགས་ཀྱི་ཆ་རྐྱེན་ལ་གཞིགས་ནས་རང་ཉིད་ཀྱི་འཚོ་རྟེན་དུ་འབྲུ་རིགས་དང་ཚལ་རིགས་འདེབས་ཀྱི་ཡོད། ཀུན་གྱིས་ཤེས་གསལ་ལྟར་སྦྲང་དཀར་རྩམ་པའི་འབྱུང་ཁུངས་ནི་བོད་ཡིན་ཞིང་། དེ་ནི་བོད་མིའི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ཟས་རིགས་ཤིག་ཡིན་པ་དང་། སྲན་མ་དང་པད་ཁ། གྲོ། མ་རྨོས་ལོ་ཏོག་སོགས་ནི་རྒྱུན་དུ་འདེབས་པའི་འབྲུ་རིགས་ཡིན་ལ། ཞོག་ཁོག་དང་པད་ཚལ། ཙོང་། ཀེའུ། མོག་རོ། ལ་ཕུག་སོགས་ནི་མཐོ་སྒང་གི་གྲང་ངར་ཧ་ཅང་ཆེ་བའི་ས་ཆ་ཁ་ཤས་ཕུད་ས་ཁུལ་མང་ཆེ་བར་སྐྱེ་བའི་ཚལ་རིགས་ཤིག་ཡིན།

    འགྲིམ་འགྲུལ་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་རྒྱ་ནག་གི་ཚ་བའི་ས་ཁུལ་དུ་སྐྱེས་པའི་ཚལ་རིགས་ཁག་གཅིག་བོད་དུ་དར་ཁྱབ་བྱུང་བ་དཔེར་ན། ཀྲོ་མ་ཀྲུ་དང་། སོ་ལོ་སྔོན་པོ། སྲན་མྱུག ཞོག་མངར། གསེར་ཁབ་ཤྭ་མོ། ཙོང་རིལ། སྨྱུག་རྩ། པད་རྩ། བཅའ་སྒ། རྡོ་ལུ་མ་ལ་སོགས་མང་པོ་ཡོད། ཚལ་རིགས་འདི་དག་ནི་ཕྱིས་སུ་བོད་མིའི་འཚོ་བའི་ཁྲོད་དུ་གསར་དུ་དར་ཁྱབ་བྱུང་བའི་སྔོ་ཚལ་ཡིན་ནོ།

    གཉིས། རྒྱལ་ནང་གི་ཚལ་རིགས་ཁྲོད་ནས་བོད་དུ་དར་ཁྱབ་ཆེ་བའི་ཚལ་རིགས་འགའ།

    ནང་ས་ནི་ས་བབ་ཅུང་དམའ་བའི་ས་ཆ་ཡིན་པས། ཞིང་ལས་ནི་འཚོ་བའི་ཐབས་ལམ་གཙོ་བོ་ཡིན་པ་མ་ཟད། ས་བབ་དམའ་ལ་རྒྱ་མཚོ་དང་ཐག་ཉེ་བའི་རྐྱེན་གྱིས་མཚོ་བོད་མཐོ་སྒང་དང་བསྡུར་ན་ཟས་སྣ་འཛོམས་ཤིང་། མི་རྣམས་ཀྱི་འཚོ་བའི་སྤུས་ཚད་ཀྱང་དེ་བས་མཐོ་བ་ཡོད། དྲོད་ཚད་སྙོམས་ཤིང་བརླན་གཤེར་འཛོམས་པས་རྩྭ་རྩི་ཤིང་དང་ལོ་ཏོག་སྣ་ཚོགས་འཚར་སྐྱེས་ཡོང་བར་རང་བྱུང་ལྷུན་གྲུབ་ཀྱི་ཆ་རྐྱེན་ལྡན་ཡོད་པས། ཚལ་རིགས་སྣ་ཚོགས་སྐྱེས་སའི་ཚལ་ཞིང་ཆེན་པོའང་ཡིན། དུས་རྒྱུན་དུ་ཁོང་ཚོའི་འཚོ་བའི་ཁྲོད་དུ་སྤྱོད་མང་བའི་སྔོ་ཚལ་ལ་ཤ་མོའི་རིགས་དང་། ལོ་མའི་རིགས། མེ་ཏོག་རིགས་སོགས་ཡོད། མེ་ཏོག་རིགས་ཀྱི་ཚལ་རིགས་ནི་འཚོ་རྒྱུ་ཆེན་པོ་ལྡན་པའི་ཚལ་རིགས་ཡིན། དཔེར་ན། 花菜、西兰花、(又称青椰花菜)黄花菜སོགས་སོ། ད་དུང་ཚྭ་དང་བྲོ་རྫས་བསྲེས་ནས་བསྙལ་བའི་ཚལ་རིགས་འགའ་ཤས་ཡོད། དཔེར་ན། ལ་ཕུག་བསྙལ་མ། ཞོག་ཁོག་བསྙལ་མ་སོགས་ཡོད། ཚྭ་ཁུའི་ནང་དུ་བསྙལ་བའི་ཚལ་རིགས་ནི་དགུན་ཁའི་ཁ་ཟས་ཡག་ཤོས་ཤིག་རེད།

    གསུམ། ཚལ་རིགས་དེ་དག་གི་ཐ་སྙད་སྒྱུར་སྐབས་ཀྱི་གནད་འགག

    ཚལ་རིགས་ཀྱི་ཐ་སྙད་སྒྱུར་སྟངས་ལ་རྙོག་འཛིང་ཆེན་པོ་ཡོད། དང་ཐོག་སྔོ་ཚལ་གྱི་མིང་གི་འབོད་ཚུལ་ལ་རིགས་བཞི་ཙམ་ཡོད་དེ། བོད་རང་རེའི་ས་ཁུལ་དུ་སྔར་ནས་ཡོད་པའི་ཚལ་རིགས་དེ་དག་ལ་འདོད་རྒྱལ་གྱི་མིང་ཐོབ་སྟངས་དང་གཅིག ནང་ས་ནས་དར་བའི་ཚལ་རིགས་གསར་པ་དེ་རྣམས་ལ་རྗེས་གྲུབ་གྱི་སྒོ་ནས་མིང་ཐོབ་སྟངས་དང་གཉིས། གཞན་ཡང་སྔོ་ཚལ་ལ་ལ་ནི་རྩྭ་སྨན་གྱི་ཁོངས་སུ་གཏོགས་པས་གསོ་རིག་གི་སྟེང་ནས་མིང་ཐོབ་པ་དང་གསུམ། དེའི་སྟེང་ནང་སའི་མི་རྣམས་ཀྱིས་ལོངས་སྤྱོད་བྱེད་བཞིན་པའི་སྔོ་ཚལ་ལ་ལ་ནི་མིང་རྒྱལ་རབས་སྐབས་སུ་(སྤྱི་ལོ་1405-1433)ཀྲེང་ཧོའོ་ནུབ་གླིང་ལ་བསྐྱོད་དུས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྔོ་ཚལ་རིགས་མང་པོ་ནང་འདྲེན་བྱས་པ། དེ་དག་ལ་ཐོབ་པའི་ཕྱི་རྒྱལ་གྱི་མིང་འབོད་སྟངས་དང་བཞི། ཡིན་ནའང་། བོད་མིས་ཚལ་མིང་མང་པོ་རྒྱ་སྐད་ཀྱི་སྒྲ་རང་སོར་བཞག་ནས་བཀོལ་སྤྱོད་བྱེད་ཀྱི་ཡོད་དེ། དཔེར་ན། ཧའེ་ཏེ།(海带) ཧོང་ཀྭ།(黄瓜) ཆེ་ཙི།(茄子) ཏོའུ་ཡ།(豆芽) ཚལ་ཀྭ།(菜瓜)སོགས་ལྟ་བུའོ། ཁག་གཅིག་ལ་འདོད་རྒྱལ་གྱི་སྒོ་ནས། ཞོག་ཁོག(土豆) བསོད་ནམས་པད་འཛོམས། (香菜) ཀེའུ། (韭菜) ཙོང་། (葱) སྒོག་པ། (蒜) སོ་ལོ་སྔོན་པོ། (青椒)ལ་ཕུག་དཀར་པོ། (白萝卜)ལབ་སེར། (胡萝卜)སོགས་སོ། ཐ་སྙད་གཅིག་གྱུར་ཡོང་བ་དང་ར་མ་ལུག་གི་སྐད་མི་ཐོན་པ་བྱེད་དགོས་ན། སྔོ་ཚལ་ལྟ་བུ་རང་རིགས་ཀྱི་བཟའ་བཅའི་ཐ་སྙད་ནས་འགོ་བཙུགས་ཏེ་གཅིག་གྱུར་གཏན་འཁེལ་དང་ལུགས་མཐུན་བེད་སྤྱོད་བྱ་རྒྱུ་གལ་འགངས་ཆེ། གལ་པོ་ཆེ་ལ་ནན་ཏན་ཞེས་པའི་དཔེ་བཞིན་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ཐ་སྙད་སྦྱོང་སྤྱོད་སྤེལ་གསུམ་ཡག་པོ་ཡོང་ཆེད། རིག་གནས་པ་འགས་མ་སྐུལ་དང་བླངས་ཀྱིས་སྔོ་ཚལ་ཙམ་མ་ཟད་རྒྱུན་བཀོལ་མིང་ཚིག་མང་པོའི་རྒྱ་བོད་ཐ་སྙད་ཤན་སྦྱར་དུ་ཕྱོགས་སྒྲིག་བྱས་ཡོད་པ་དང་། དྲ་ལམ་གྱི་སྟེགས་བུ་གང་མང་བརྒྱུད་ནས་ཁྱབ་སྤེལ་བྱས་ཡོད།

    བཞི། ཚལ་རིགས་ཀྱི་ཐ་སྙད་སྒྱུར་ཐབས།

    དེ་ཡང་། ད་ཡོད་ཀྱི་སྔོ་ཚལ་ཐ་སྙད་བྱུང་ཚུལ་ལ་དབྱེ་ཞིབ་བྱས་པ་ལས། ང་ཚོས་སྔོ་ཚལ་གྱི་ཐ་སྙད་སྒྱུར་སྐབས་སྔ་མིང་གི་ཐོགས་ཚུལ་དང་བསྟུན་རྒྱུ་གལ་ཆེ་བར་མཐོང་ཞིང་། ཐ་སྙད་བྱུང་ཚུལ་དེ་དག་ནི་ཕྱིས་འབྱུང་ང་ཚོས་སྔོ་ཚལ་གྱི་ཐ་སྙད་བསྒྱུར་སྐབས་སྤྱོད་དགོས་པའི་ཐབས་ཤེས་ཀྱང་ཡིན་པར་མཐོང་། དེས་ན། དང་ཐོག་འདོད་རྒྱལ་ལས་གྲུབ་པའི་སྔོ་ཚལ་གྱི་ཐ་སྙད་དེ་དག་སྔར་ལྟར་མ་བཅོས་པར་བསྒྱུར་དགོས་ཏེ། དེ་དག་གིས་མི་རྣམས་ཀྱི་འཚོ་བའི་ཁྲོད་བག་ཆགས་ཟབ་མོ་བཞག་ཟིན་པས་སོ། དཔེར་ན། བསོད་ནམས་དཔལ་འཛོམས། (香菜) ཞོག་ཁོག ཡང་ན་རྒྱ་གྲོ (土豆、洋芋、马铃薯) ལབ་དཀར། (白萝卜) ལབ་སེར། (胡萝卜)སོགས་སོ། གཉིས་པ། རྗེས་གྲུབ་ཀྱི་སྒོ་ནས་ཐོབ་པའི་སྔོ་ཚལ་གྱི་མིང་དེ་དག་ནི་སྔོ་ཚལ་རིགས་གསར་དུ་བྱུང་བ་དང་བསྟུན་ནས་ཐོབ་པས། ཡིག་སྐད་རང་བཞིན་གྱི་རྣམ་པ་རང་གཤིས་སུ་ཆགས་འདུག དཔེར་ན། སྔོ་ཚལ་འགའི་ཕྱིའི་རྣམ་པ་དང་། ཚོན་མདོག དབྱིབས། ཁྱད་ཆོས། བྲོ་བ་སོགས་ཀྱི་སྟེང་ནས་བཏགས་པའི་མིང་། དཔེར་ན། ཕྱིའི་རྣམ་པའམ་དབྱིབས་ཀྱི་སྟེང་ནས་གསེར་ཁབ་ཤྭ་མོ། (金针菇) ཙོང་རིལ། (洋葱) བཅའ་ལྒ (姜) རྡོ་ལུ་མ། (茄子) གླང་རྔ་། (莴笋) རྡོ་ཀུབ། (黄瓜) ལྡུམ་སྒོང་། (西红柿)སོགས་དང་། ཚོན་མདོག་གི་སྟེང་ནས་བཏགས་པའི་མིང་། དཔེར་ན། སོ་ལོ་སྔོན་པོ། (青椒) སོ་ལོ་དམར་པོ། (红椒) ལབ་སེར། (胡萝卜) ཚལ་ནག (菠菜)སོགས་སོ། གསུམ་པ་སྔོ་ཚལ་ལ་ལ་ནི་རྩྭ་སྨན་གྱི་གྲས་སུ་ཚུད་པ་དཔེར་ན། ལྕ་ཚལ།(芹菜) ལྕ་བ། (ལོ་གཉིས་སྐྱེས་བའི་རྩི་ཤིང་ཞིག་གི་མིང་སྟེ། རྩ་བ་ལ་ཕུག་གི་དབྱིབས་ཅན་ཟ་ཆོག་པ་ཞིག་ཡིན) འུ་སུ། (香菜) ད་དུང་བྲོ་རྫས་ཀྱི་རིགས་མང་པོ་ནི་རྩྭ་སྨན་གྱི་གྲས་སུ་འདུའོ། བཞི་པ། ནུབ་ཕྱོགས་རྒྱལ་ཁབ་ནས་དར་བའི་སྔོ་ཚལ་གྱི་མིང་དབྱིན་ཡིག་སྟེང་ནས་བེད་སྤྱོད་བཏང་ན་མི་ཆོག་པ་མི་འདུག་སྟེ། དཔེར་ན། ལ་ཙེ། (spicyསུར་པན)སོགས། ལྔ་པ། བོད་མིས་སྔོ་ཚལ་གྱི་རིགས་ཁ་ཤས་ལ་དོན་སྒྱུར་གྱི་ཐབས་ཤེས་ཀྱང་སྤྱད་འདུག དཔེར་ན། སྲན་མྱུག (豆芽) སྨྱུག་རྩ། (竹笋) པད་རྩ། (莲藕) འདམ་མྱུག (芦笋) སྲན་རིང་། (豇豆) སྦུག་ཚལ། (空心菜) སོགས་སོ།

    དེ་བས་སྤྱི་ཚོགས་འཚོ་བ་དང་ཚན་རིག་ལག་རྩལ་ནི་ཡར་ངོའི་ཟླ་བཞིན་འཕེལ་བ་དང་བྱ་དངོས་གསར་པ་ཡང་ཆར་རྗེས་ཀྱི་ཤྭ་མོ་རྡོལ་བ་ལྟར་ང་ཚོའི་མིག་ལམ་དུ་མངོན་བཞིན་ཡོད། དུས་སྐབས་འདི་ལ་མི་སུ་ཡིན་རུང་རང་ཆེ་རང་མཐོའི་བསམ་བློ་མི་འཛིན་པར། དུས་རབས་གསར་བའི་རྗེས་སུ་བསྙེགས་ནས་མི་རིགས་རིག་གནས་ལ་ཕན་འདོགས་པའི་དོན་ལ་ཞུགས་རྒྱུ་ནི་གལ་འགངས་ཆེ་ལ། ལྷག་པར་དུ་དེང་སྐབས་སྤྱི་ཚོགས་ནང་མཁོ་ཆེ་བའི་ལག་རྩལ་གསར་པ་དང་། བསམ་བློ་གསར་པ། ཤེས་བྱ་གསར་པ་ལ་འབད་འབུངས་བྱས་ནས་དུས་རབས་གསར་པའི་ཤེས་ལྡན་པ་ཞིག་བྱེད་དགོས། སྔོ་ཚལ་ནི་ང་ཚོའི་འཚོ་བ་དང་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་ལ། བོད་མིས་སྤྱོད་པའི་ཚལ་རིགས་སྣ་ཚོགས་ཀྱི་འབྱུང་ཁུངས་བོད་ཁུལ་མིན་པས། ཚལ་མིང་འདོགས་སྟངས་ཐད་རྒྱ་ཡིག་གི་ཤན་ཞུགས་ཚད་ཤུགས་ཆེ་བར་བརྟེན། གཅིག་ནས་འབྲེལ་ཡོད་ཀྱི་ལས་ཁུངས་སམ་ཡང་ན་ཚོགས་པ་དག་གིས་གཙོ་སྒྲིག་ལེགས་པོ་བྱས་ནས་ནང་འདྲེན་བྱེད་པའི་ཚལ་རིགས་གསར་པའི་མིང་དག་དུས་ཐོག་ཏུ་ལེགས་སྒྲིག་དང་རྒྱ་བོད་ཤན་སྦྱར་དུ་ཕྱོགས་སྒྲིག་བྱས་ནས་མང་ཚོགས་ཁྲོད་ཁྱབ་གདལ་གཏོང་དགོས། གཉིས་ནས། སློབ་ཆུང་སློབ་མའི་སློབ་དེབ་དང་འབྲེལ་ཡོད་ཀྱི་བསླབ་བྱའི་ནང་ལ་ཡང་དག་པའི་རྒྱུན་བཀོལ་གྱི་མིང་ཚིག་འགའ་ཕྱོགས་སྒྲིག་བྱས་ན་ལེགས་པར་སེམས། གསུམ་ནས། བོད་རིགས་ཟ་ཁང་དག་གིས་སོ་སོའི་ཚལ་བྱང་རང་འདོད་ལྟར་འབྲི་མི་རུང་བར་ཡང་དག་པའི་ཚལ་མིང་ཤན་སྦྱར་བཟོ་དགོས། དེ་ནས་ཤེས་ལྡན་པ་རྣམས་ཀྱིས་ལྷག་བསམ་རྣམ་དག་གིས་འོས་འགན་དང་དུ་བླངས་ན་ད་གཟོད་རིག་གནས་དར་སྤེལ་གཏོང་བའི་མཐུན་རྐྱེན་དང་ཁོར་ཡུག་ལེགས་པོ་ཞིག་འབྱུང་ངེས་རེད། (བོད་ལྗོངས་སློབ་གྲྭ་ཆེ་མོའི་རིག་གཞུང་སློབ་གླིང་གི་2016ལོའི་རྒྱ་བོད་ལོ་ཙཱའི་ཞིབ་འཇུག་སློབ་མ་སྟག་མོ་འཚོ)

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།