སྤྱིར་ན་མཐོ་འབྲིང་སློབ་མ་ཞིག་ལ་ཆ་མཚོན་ན་རང་ཉིད་ཀྱི་འཚོ་བའི་མྱོང་ཚོར་ཐོར་བུ་དང་། ཉིན་ཐོ། གཟའ་ཐོ། དེ་མིན་བྱ་དངོས་ཞིབ་འབྲི་སོགས་ཇི་བཞིན་བརྗོད་པའི་རྩོམ་ཐུང་ཡིག་བརྒྱ་ཙམ་འབྲི་ཤེས་དགོས་ངེས་ཡིན་མོད། རང་ཁུལ་གྱི་མཐོ་འབྲིང་སློབ་མ་ཕལ་མོ་ཆེ་ནི་ཅི་འབྲི་འདི་འབྲི་མེད་ལ། བྲིས་པའི་དབང་དུ་བཏང་ཡང་གཞན་རྩོམ་གྱི་སྒྲོམ་གཞི་དང་ནང་དོན་ཇི་བཞིན་དུ་“ལེན་པ་”འམ། ཡང་ན་རྒྱ་སྐད་ཀྱི་ལམ་ནས་བྲིས་ཏེ་བོད་སྐད་ལ་ཐར་ཆགས་སུ་ཕབ་པའི་ཡ་མ་གཟུགས་ཀྱི་རྣམ་པར་གཞོལ་ཆེ་བ། དེ་མིན་རང་རང་གི་ལུང་སྐད་ཁོ་ནས་བྲིས་པས་དགེ་རྒན་གྱིས་ཀྱང་དོན་མི་གོ་བ་བཅས་ཀྱི་གནས་ཚུལ་ནི་ཆེས་ཆེར་ཁྱབ་ནས་ཡོད། དེ་ཡང་། བརྗོད་བྱའི་ནང་དོན་དང་རྗོད་བྱེད་ཚིག་སྦྱོར་གང་ཅིའི་ཐད་ལ་བལྟ་རྒྱུ་མེད་པའི་ཁར། རྩོམ་ཡིག་བྲི་རྒྱུ་དེ་ཧ་ཅང་དཀའ་བའི་ལས་ཤིག་ལ་བརྩི་བའི་རྣམ་པ་སྐྱོ་པོ་ཞིག་ཐོན་དང་ཐོན་མུས་རེད། མ་གཞི་སློབ་མར་རྩོམ་འབྲི་བའི་ནུས་རྩལ་སྐྱེད་སྲིང་བྱ་རྒྱུ་ནི་སྐད་ཡིག་དགེ་རྒན་དག་གི་འགན་ལྕི་ཤོས་ཡིན་ལ། སྐད་ཡིག་སློབ་ཁྲིད་ཀྱི་འགན་འཁྲི་སྒྲུབ་ཁག་ཤོས་ཀྱང་ཡིན། འོན་ཀྱང་དེ་ནི་དགེ་རྒན་རྣམ་པས་ཐབས་བརྒྱ་ཇུས་སྟོང་གིས་སློབ་མའི་རྩོམ་འབྲི་ནུས་རྩལ་གོང་མཐོར་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་དང་། སྐད་ཡིག་དགེ་རྒན་གྱིས་གཡོལ་དུ་མེད་པའི་འོས་འགན་ཞིག་ཀྱང་རེད། གང་ལགས་ཤེ་ན། གཅིག་ནི་རྣམ་ཀུན་གྱི་འཚོ་བ་དང་མ་འོངས་ལས་ཀ་གང་ཅིའི་ཐད་ལ་རྩོམ་འབྲི་དང་ཁ་བྲལ་ཐབས་མེད་ལ། གཉིས་ནི་མིག་མདུན་གྱི་མཐོ་རྒྱུགས་སྐད་ཡིག་རྒྱུགས་གཞིར་རྩོམ་ཡིག་གི་སྐར་གྲངས་ཀྱིས་བསྡོམས་སྐར་གྱི་གསུམ་ཆ་གཅིག་ཟིན་ཡོད་པས། དགེ་རྒན་རྣམ་པའི་ཡང་དག་མཛུབ་སྟོན་དང་བློ་སྒོ་འབྱེད་པའི་རྨང་གཞིའི་འོག་སློབ་མས་གང་ལ་གང་འཚམ་གྱིས་རང་རྐྱ་འཕེར་བའི་རྩོམ་ཡིག་འབྲི་བར་སྔོན་འགྲོའི་སྤྲོ་བ་སྐྱེད་སྲིང་ཇི་ལྟར་བྱ་ཐབས་སྐོར་ལ་ཅུང་ཟད་གླེང་བར་བྱའོ། །
རྩོམ་འབྲི་སྔོན་གྱི་སྤྲོ་བ་སྐྱེད་སྲིང་བྱ་རྒྱུ་ནི་དགོས་གལ་ཤིན་ཏུ་ཆེ་བ་ཞིག་ཡིན་སོང་ན། ཇི་ལྟར་བྱ་ཞེ་ན། དེ་ཡང་གཞན་རྒྱུད་སྨིན་པར་བྱེད་པ་ལ་བསྡུ་བའི་དངོས་པོ་བཞིའི་ལམ་ནས་རྩོམ་འབྲིའི་སྤྲོ་བ་སྐྱེད་སྲིང་བྱེད་པའི་ཐབས་དམ་པ་འདི་ལྟ་སྟེ།
ཐབས་དང་པོ་མཁོ་བ་སྦྱིན་པ། རྩོམ་འབྲིར་རྨོངས་ཤིང་རྩོམ་འབྲིར་སུན་སྣང་སྐྱེ་བའི་སློབ་མར་རྩོམ་འབྲིའི་ཁོར་ཡུག་དང་མཛུབ་སྟོན་མ་ལྡང་བའམ་མ་བྱུང་བ་ཞིག་ཡིན་པས། དགེ་རྒན་རྣམ་པས་སློབ་མར་མཁོ་བའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་པ་དང་དེ་མཐུན་གྱི་མཛུབ་སྟོན་ཡང་དག་ཅིག་བྱེད་དགོས། དེ་ཡང་། ཆབ་མདོ་མཐོ་འབྲིང་དང་པོར་ཆ་མཚོན་ན། སློབ་མ་ཕལ་མོ་ཆེ་ནི་གྲོང་ཁྱེར་དང་ས་ཁུལ་གྱི་སློབ་མ་ཡིན་པས། རྒྱ་ཡིག་གི་ཆུ་ཚད་ལ་ལྟོས་ན་བོད་ཡིག་གི་ཆུ་ཚད་ཧ་ཅང་ཞན་ལ། བོད་ཡིག་ལ་དགའ་སྣང་དང་སྤྲོ་བ་ཡང་དེ་ཙམ་མེད་པའི་དངོས་ཡོད་ཀྱི་གནས་ཚུལ་ལ་གཞིགས་ནས། སློབ་སྤྱི་དང་དུང་ཞེན་ཅན་གྱི་དགེ་རྒན་རྣམ་པས་ཡང་དག་པའི་སྣེ་ཁྲིད་འོག《སློབ་རའི་འགྱུར་ཁུག》ཚགས་པར་དང་། སློབ་དུས་རེར་ཐེངས་རེ་འདོན་པའི《ལྗང་མྱུག》དུས་དེབ། དེ་མིན་ལོ་རྒྱུས་དང་། སྙན་ངག སྒྲུང་གཏམ། བརྡ་སྤྲོད། འབོལ་རྩོམ་བཅས་ཀྱིས་མཚོན་པའི་དཔེ་དེབ་ཁྲི་ལ་ཉེ་བའི་བོད་སྐད་ཡིག་དཔེ་ཀློག་ཁང་འཛུགས་པ་སོགས་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་སློབ་མ་རང་རང་གི་རྩོམ་རྩལ་ངོམ་སའི་རྩོམ་འབྲིའི་གར་སྟེགས་དང་དཔེ་ཀློག་གི་རྒྱུ་ཆ་མཁོ་འདོན་ཐད་མཐུན་རྐྱེན་མི་དམན་པ་ཞིག་བསྐྲུན་པ་ནི་ཆུ་ལུད་དྲོད་ཀྱིས་འཛོམས་པའི་སློབ་མའི་རྩོམ་འབྲིའི་སྤྲོ་བ་སྐྱེ་བའི་ཞིང་ས་གཤིན་པོ་དེ་ལགས། སློབ་མས་སློབ་རའི་ཚགས་པར་དང་དུས་དེབ་ཐོག་རང་རྩོམ་རེ་འགོད་ཐུབ་ཚེ་རང་གི་ངལ་རྩོལ་གྱི་འབྲས་བུ་དེ་གཞན་ལ་མངོན་པའི་གོ་སྐབས་རྙེད་པ་ཡིན་པས་སློབ་མའི་སེམས་ལ་དགའ་བ་དཔག་ཏུ་མེད་པ་སྐྱེ་སྲིད། དགའ་བ་དེས་སློབ་མར་རྩོམ་འབྲིའི་སྤྲོ་བ་སྐྱེད་སྲིང་དང་། ལྟ་ཀློག་གི་ནུས་པ་སྐྱེད་སྲིང་བྱེད་པར་ཤུགས་བླ་ལྷག་ཏུ་འདོན་ཐུབ་ཀྱི་ཡོད་པར་བརྟེན། ང་ཚོས་འདི་དང་འདི་ལྟ་བུའི་གོ་སྐབས་དང་སྟེགས་བུ་མང་ཙམ་བསྐྲུན་ནས་དགེ་རྒན་རང་ངོས་ནས་འདིའི་ཕྱོགས་ལ་སྐུལ་སློང་དང་སྣེ་ཁྲིད་བྱེད་པ་དང་འགན་ཕྲག་ཏུ་ལེན་ན་སློབ་མའི་རྩོམ་འབྲིའི་ཞིང་སར་སྔོན་མེད་ཀྱི་གསོན་སྟོབས་ཆེས་ཆེར་བརྟས་ཏེ་རེ་འབྲས་ཀྱི་མྱུ་གུ་འབུས་ངེས་རེད།
ཐབས་གཉིས་པ་སྙན་པར་སྨྲ་བ། ཕན་དང་མི་ཕན་ལ་མི་དཔྱོད་ཅིང་། བསྟོད་ན་དགའ་ཞིང་སྨད་ན་མི་དགའ་བར་འགྱུར་བའི་རང་བཞིན་མི་བརྟན་པའི་སློབ་མ་རྣམས་ལ་བཟང་ཕྱོགས་ནས་བསྟོད་བསྔགས་གཏོང་བ་ནི་ཡར་སྐུལ་བྱེད་པའི་ཐབས་ལམ་བཟང་པོ་ཞིག་ཡིན་ཏེ། ས་སྐྱ་ལེགས་བཤད་ལས། “འཇམ་པོས་འཇམ་པོ་འཇོམས་བྱེད་ཅིང་། །འཇམ་པོས་རྩུབ་པོའང་འཇོམས་པར་བྱེད། །འཇམ་པོས་ཀུན་འགྲུབ་དེ་ཡི་ཕྱིར། །འཇམ་ཉིད་རྣོ་ཞེས་མཁས་རྣམས་སྨྲ”ཞེས་དང་བོད་ཀྱི་ཁ་དཔེར་འཇམ་པོས་གཞན་བཏུལ། རྩུབ་པོས་རང་བཏུལ་ཟེར་བ་ལྟར། རྩོམ་ཡིག་འབྲི་མི་ཤེས་མཁན་ནི་བོད་སྐད་ཡིག་གི་རྨང་གཞི་ཞན་པ་དང་། དེ་ལ་དགའ་ཞེན་དེ་ཙམ་མེད་པའི་སློབ་མ་ཤ་སྟག་ཡིན་པས། སློབ་མ་དེའི་རིགས་ལ་ག་དུས་ཡིན་ནའང་སྐྱོན་བརྗོད་དང་དམའ་འབེབས་ཀྱི་ཐོག་ནས་སློབ་གསོ་གཏོང་བ་མིན་པར། ཁོ་ཚོའི་རྩོམ་ཡིག་ལ་ཡོན་ཏན་སྣ་གཅིག་ཡོད་ནའང་བསྟོད་ཅི་ཐུབ་བྱེད་དགོས། སློབ་མའི་བཟང་ཕྱོགས་ལ་བསྟོད་བསྔགས་བྱས་ན་སློབ་མར་དེའི་ཕྱོགས་ན་ཧུར་བརྩོན་བྱེད་པའི་སྙིང་སྟོབས་སྐྱེ་བ་དང་ཡར་ཐོན་གྱི་སྒུལ་ཤུགས་སུ་འགྱུར་བ་ཡིན་པས། མ་མཐར་ཁོ་ཚོའི་བསམ་བློ་གཏོང་ཕྱོགས་དང་ཚིག་སྦྱོར་སྤེལ་སྟངས་ཐོག་ཅུང་ཟད་ཙམ་འགྲིག་འདུག་ནའང་དེ་ལ་བསྟོད་བསྔགས་དང་སྐུལ་མ་གཏོང་བའི་སློབ་གསོའི་ཐབས་ལམ་གྱི་རྨང་གཞིའི་ཐོག་བོད་སྐད་ཡིག་ལ་དགའ་ཞེན་དང་རྩོམ་འབྲི་ལ་དགའ་ཞེན་གྱི་སྤྲོ་བ་སྐྱེད་སྲིང་བྱ་དགོས། དེ་ལས་ལྡོག་སྟེ་མུ་གེའི་སྒང་ལ་ཟླ་ལྷག་ཟེར་བའི་དཔེ་ལྟར་སློབ་མ་དེའི་རིགས་ལ་ཆེད་དུ་དམའ་ཕབ་ཅིང་མི་མང་མདུན་དུ་སྐྱོན་བརྗོད་ཀྱི་ཚིག་མདའ་འཕེན་ན་ཁོ་ཚོའི་ཉམ་ཆུང་བའི་རྩོམ་འབྲིའི་འདུན་པ་དང་དགའ་བ་རྨེག་མེད་དུ་འཇོམ་འགྲོ་བར་ཐེ་ཚོམ་མེད་པས་འདི་རིགས་ལ་ཤིན་ཏུ་ནས་གཟབ་དགོས་པ་འདུག
ཐབས་གསུམ་པ་དོན་སྤྱོད་པ། སློབ་འབྲིང་བོད་ཡིག་སློབ་ཐབས་ལས་“རྩོམ་འབྲིའི་སྦྱོང་བརྡར་ལ་ལག་ལེན་གྱི་རང་བཞིན་ཤུགས་ཆེན་ལྡན་ཞིང་རྩོམ་འབྲིའི་སྦྱོང་བརྡར་ཁྲོད་གཅིག་ནས་ཐབས་ལམ་སྣེ་ཁྲིད་བྱེད་པ་དང་འབྲེལ་ལག་ལེན་གྱི་སྦྱོང་བརྡར་གང་མང་སྤྲད་ནས་རྩོམ་ཡིག་འབྲི་བ་དེ་གོམས་གཤིས་ཤིག་ཏུ་འགྱུར་བ་བྱས་ནས་སློབ་མས་སྦྱངས་པའི་ཤེས་བྱ་གོ་ཆོད་དུ་འགྱུར་བར་སྣེ་ཁྲིད་བྱེད་དགོས”ཞེས་དང་། བོད་ཀྱི་གཏམ་དཔེར། ཁ་བཤད་ཆུ་ཡི་ལྦུ་བ། །ལག་ལེན་གསེར་གྱི་ཐིགས་པ་ཞེས་པ་ལྟར་མ་བསྡད་པར་བྲིས་ལག་བྱང་དང་བཤད་ཁ་བྱང་ཞེས་པའི་དཔེ་ལྟར་སློབ་མར་གཟའ་ཐོའམ་བལྟ་ཀློག་གི་མྱོང་ཚོར། ཡང་ན། རྩོམ་ཐུང་ཡིག་བརྒྱ་ཙམ་ལ་འབྲི་སྦྱོང་ཡང་ཡང་བྱེད་དུ་བཅུག་སྟེ་དགེ་རྒན་གྱི་ཡང་དག་པའི་མཛུབ་སྟོན་དང་སློབ་མའི་རྩོམ་འབྲིའི་ལག་ལེན་དངོས་ཟུང་དུ་འབྲེལ་ཐུབ་པའི་སྤྲོ་བ་སྐྱེད་སྲིང་བྱེད་དགོས།
ཐབས་བཞི་པ་དོན་མཐུན་པ། དོན་ཅི་ཞིག་བསྒྲུབ་ཀྱང་ལད་མོ་ལས་མ་འདས་པས། རྩོམ་འབྲི་བ་གསར་བ་ཞིག་ལ་མཚོན་ནའང་དེ་ལྟར་ལགས། དེ་ནི་སྲོལ་རྒྱུན་སློབ་ཁྲིད་ཁྲོད་ཀྱི་ཉིང་བཅུད་ཡིན་ཞིང་། རྩོམ་འབྲི་སློབ་སྦྱོང་བྱེད་པའི་རྩ་བའི་ཆོས་ཉིད་ཀྱང་ཡིན། སློབ་མ་རྣམས་ལ་དཔེར་འོས་ཀྱི་རྩོམ་ཡིག་ལས་བློ་སྐྱེད་དང་། ཟུར་ལྟ་ཞིག་ཐུབ་ན་རང་ཉིད་ཀྱི་རྩོམ་ཡིག་འབྲི་རྩལ་གོང་དུ་འཕེལ་ངེས་ཡིན། དེས་ན་རང་དཔེ་གཞན་སྟོན་གྱི་ཐབས་དམ་པ་ལས། དགེ་རྒན་ནི་སློབ་མའི་ཁ་མིག་ཡར་ལྟ་བྱེད་ས་ཞིག་ཡིན་པས། སློབ་མར་རྩོམ་འབྲི་བྱེད་དུ་བཅུག་པར་སྔོན་ལ་དགེ་རྒན་རང་ངོས་ནས་རྩོམ་ཡིག་འབྲི་བའམ་གཟུགས་མེད་ཀྱི་གྲིབ་བཟོ་ཞེས་པའི་དཔེ་ལྟར་དེ་དང་འདྲ་བའི་དཔེར་འོས་ཀྱི་རྩོམ་ཡིག་སློབ་མར་གྱེར་འདོན་དང་མིག་དཔེ་སྟོན་རྒྱུ་ནི་གལ་པོ་ཆེ་ལ་ནན་ཏན་དུ་བྱའོ།
༢༠༡༥ལོའི་བོད་སྐད་ཡིག་རྩོམ་རིག་ཤེས་རམས་ཞིབ་འཇུག་སློབ་མ། ཆབ་མདོའི་མཐོ་འབྲིང་དང་པོའི་དགེ་རྒན་དཀོན་མཆོག་རྒྱལ་མཚན།