དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བློ་སྒོ་འབྱེད་པའི་སློབ་ཁྲིད་ཐབས་ལམ་དང་དེའི་གལ་ཆེའི་རང་བཞིན་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སྣེའུ་ཁུལ་གསར་དམར་དམག་སློབ་ཆུང་། ཟླ་བ་ཚེ་རིང་།   |     སྤེལ་དུས།  2018-06-06

    དུས་རབས་གསར་པའི་སྒོ་འཕར་ཕྱེ་ཟིན་པའི་དེང་གི་ཆར་ལ། དགེ་རྒན་གྱིས་འཆད་རྐྱང་དང་སློབ་མས་ཉན་རྐྱང་ཁོ་ན་བྱེད་པའི་སྲོལ་རྒྱུན་གྱི་ཐབས་ལམ་དེ་བྱང་ཚད་སློབ་གསོའི་འཕེལ་རིམ་གསར་པ་དང་མཐུན་ཐབས་དཀའ་བ་ནི་སྨོས་མེད་རེད། སློབ་མའི་གསར་གཏོད་ཀྱི་ནུས་པ་དང་དངོས་དོན་ཐག་གཅོད་བྱེད་པའི་ནུས་པ། བྱ་དངོས་ལ་མྱོང་གོམས་བྱེད་པའི་ནུས་པ་བཅས་གསོ་སྐྱོང་བྱེད་པ་ནི་འཕེལ་རིམ་གསར་པའི་བྱང་ཚད་སློབ་གསོས་སློབ་ཁྲིད་ལ་བཏོན་པའི་རེ་བ་གལ་ཆེན་ཞིག་ཡིན། དེར་བརྟེན་ཁོ་བོས་ལོ་མང་རིང་སློབ་གསོའི་འཐབ་ས་མདུན་མར་འཆད་ཁྲིད་བྱས་པའི་མྱོང་གོམས་ལ་གཞིགས་ཏེ་སློབ་ཁྲིད་ཀྱི་བྱ་བ་དངོས་ནང་བློ་སྒོ་འབྱེད་ཐབས་ཀྱི་སློབ་གསོར་ཞིབ་དཔྱད་བྱས་པའི་ལྟ་ཚུལ་ཕྲན་བུ་བརྗོད་པར་བྱ།

    དང་པོ། བློ་སྒོ་འབྱེད་ཐབས་ཀྱི་སློབ་གསོའི་མཛུབ་སྟོན་ལྟ་བ།

    (གཅིག) བློ་སྒོ་འབྱེད་ཐབས་ཀྱི་སློབ་གསོ་ནི་གཙོ་བོ་དགེ་རྒན་གྱིས་སློབ་མར་སྣེ་འདོན་བྱེད་པ་དེ་ཡིན། དེ་ཡང་དགེ་རྒན་གྱིས་སློབ་མས་སློབ་སྦྱོང་བྱེད་འདོད་ཡོད་པའི་རྨང་གཞིའི་ཐོག་སློབ་མ་རང་ཉིད་ཀྱིས་བསམ་བློ་གཏོང་བ་དང་། གོ་བ་ལོན་ཐུབ་པ། ཤེས་སུ་འཇུག་པ་བཅས་བྱས་ནས“རང་སྟོབས་རང་འཕེལ་དང་རང་ཉིད་རང་མགོན”དུ་གྲུབ་པའི་དམིགས་ཡུལ་ལ་བསྙེཌ་ཅི་ཐུབ་བྱེད་པའོ།

    (གཉིས) བློ་སྒོ་འབྱེད་ཐབས་ཀྱི་སློབ་ཁྲིད་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་ཤེས་བྱ་བརྒྱུད་སྤྲོད་དང་རིག་སྟོབས་འཕེལ་རྒྱས་ཀྱི་ཐབས་ལམ་མཐའ་གཅིག་ཏུ་ཟུང་འབྲེལ་དམ་ཟབ་བྱེད་རྒྱུ་གལ་ཆེར་འཛིན་དགོས་པ་དང་། སློབ་མས་སྦྱང་བྱའི་བསླབ་ཚན་གྱི་ནང་དོན་ལ་གོ་བ་གཏིང་ཟབ་ལོན་པ་དང་ཆབས་ཅིག་དགེ་རྒན་གྱིས་སློབ་མར་གནད་དོན་དབྱེ་ཞིབ་དང་གནད་དོན་ཐག་གཅོད་བྱེད་པའི་ལམ་བུ་གཏོད་པ་མ་ཟད། ཐབས་ལམ་དེས་སློབ་སྦྱོང་གི་བརྒྱུད་རིམ་གཙིགས་སུ་བཟུང་ནས་སློབ་མ་ཚོ་བརྒྱུད་རིམ་དེའི་སྲོག་ཤིང་དུ་བརྩིས་ཏེ་སློབ་མ་རང་ཉིད་ཀྱིས་འཚོལ་ཞིབ་དང་དཔྱད་པ། གསར་གཏོད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་ཡོང་བ་བྱས་ནས་རིམ་གྱིས་སློབ་མའི་རང་སྟོབས་ཀྱི་ཤེས་པ་དང་རང་གཅུན་སློབ་གསོའི་འདུ་ཤེས་འཕེལ་རྒྱས་གཏོང་དགོས།

    (གསུམ) བློ་སྒོ་འབྱེད་ཐབས་ཀྱི་སློབ་གསོ་ནི། དཔེ་གཡར་ནས་རིམ་པ་བཞིན་ལད་མོ་དང་གསར་གཏོད། ཐོད་བརྒལ་བཅས་རྣམ་པ་བཞི་ལྡན་གྱི་འཕེལ་རིམ་དེ་ཚད་ལྡན་དུ་འཛིན་པ་དང་། དོན་དངོས་གནས་ཚུལ་ཁྲོད་དངོས་སུ་ལག་བསྟར་བྱེད་སྐབས་སློབ་ཁྲིད་ཀྱི་དམིགས་རེ་དང་བསླབ་གཞིའི་ནང་དོན། སློབ་མའི་ཆུ་ཚད། དགེ་རྒན་རང་ཉིད་ཀྱི་ཤེས་ཚད། དེ་བཞིན་སློབ་ཁྲིད་ཀྱི་ཆ་རྐྱེན་བཅས་ལ་གཞིགས་ནས་དགེ་རྒན་སོ་སོའི་ཁྱད་ཆོས་གང་ཡོད་ཅི་ནུས་ཀྱིས་འདོན་སྤེལ་བྱས་ཐོག གོང་གི་གོ་རིམ་བཞི་པོ་ཕན་ཚུན་དབར་གཅིག་ཕན་གཅིག་རོགས་ཀྱིས་བཀོལ་སྤྱོད་ཚད་རན་པོས་བྱས་ཏེ་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་ཡོང་རྒྱུར་མཐུན་རྐྱེན་བསྐྲུན་དགོས།

    གཉིས་པ། བློ་སྒོ་འབྱེད་ཐབས་ཀྱི་སློབ་གསོའི་སློབ་ཁྲིད་ཀྱི་ངོ་བོ།

    (གཅིག) བློ་སྒོ་འབྱེད་ཐབས་ཀྱི་སློབ་ཁྲིད་ལྟ་བས་སློབ་སྦྱོང་གི་བརྒྱུད་རིམ་ནང་དགེ་རྒན་གྱིས་སྣེ་འདོན་དང་སློབ་མ་གཙོར་བཟུང་ཐོག སློབ་པ་དང་སྦྱོང་བ་ཕྱོགས་གཉིས་དབར་ཕན་ཚུན་སྐུལ་འདེད་གཏོང་བའི་སློབ་ཁྲིད་དང་འཕེལ་རྒྱས་ཟུང་དུ་སྦྲེལ་བའི་སློབ་ཁྲིད་ཀྱི་རྩ་བའི་རྣམ་པ་ཞིག་མཚོན་ཡོད།

    (གཉིས) བློ་སྒོ་འབྱེད་ཐབས་ཀྱི་སློབ་གསོ་ནི་སློབ་ཁྲིད་ཀྱི་རྩ་བའི་མཛུབ་སྟོན་ལྟ་བ་ཞིག་ཡིན། སློབ་ཁྲིད་བྱེད་སྐབས་ཐབས་ཤེས་འདྲ་མིན་ཅི་ཞིག་བཀོལ་ནའང་ངེས་པར་དུ་བློ་སྒོ་འབྱེད་ཐབས་ཀྱི་རྩ་བའི་སློབ་ཁྲིད་མཛུབ་སྟོན་ལྟ་བ་དང་མཐུན་གང་ཐུབ་བྱེད་དགོས། སློབ་ཁྲིད་ཀྱི་ཐབས་ཤེས་ནི་སློབ་ཁྲིད་ཀྱི་འགན་འཁྲི་ལེགས་འགྲུབ་ཡོང་ཆེད་ཡིན་ཞིང་། སློབ་ཁྲིད་ཀྱི་འགན་འཁྲི་ལེགས་འགྲུབ་ཡོང་བ་དེའང་སློབ་མའི་བསམ་བློ་དང་རིག་གནས། ཀུན་སྤྱོད་སོགས་ལེགས་ལམ་དུ་ཁ་ཕྱོགས་ནས་ཕྱོགས་ཡོངས་ཀྱི་བྱང་ཚད་མཐོར་འདེགས་བྱ་རྒྱུ་འབའ་ཞིག་ཡིན། གལ་ཏེ་སློབ་མ་མི་རེ་ངོ་རེར་རང་སྟོབས་ཀྱི་ནུས་པ་ཅི་ཡང་མི་ལྡན་ན་སློབ་ཁྲིད་ཀྱི་ལས་འགན་ལེགས་འགྲུབ་ཡོང་ཐབས་བྲལ། དེར་བརྟེན་བློ་སྒོ་འབྱེད་ཐབས་ཀྱི་བླང་བྱ་ལྟར་ན། དགེ་རྒན་གྱིས་སློབ་ཁྲིད་ཁྲོད་སློབ་མ་སྲོག་ཤིང་དུ་བཟུང་ནས་ཐབས་དང་རྩལ་སྣ་ཚོགས་སྤྱད་དེ་སློབ་མའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྔོག་འདོན་བྱེད་དགོས་པས། བློ་སྒོ་འབྱེད་ཐབས་ནི་སློབ་ཁྲིད་ཀྱི་ཐབས་ལམ་སྣ་ཚོགས་བེད་སྤྱོད་བྱེད་སྐབས་མེད་དུ་མི་རུང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན།

    (གསུམ) བློ་སྒོ་འབྱེད་ཐབས་ནི་སློབ་ཁྲིད་བརྒྱུད་རིམ་ཁྲོད་སྤྱོད་གོ་ཆེ་བའི་ཐབས་ཤེས་ཤིག་ཡིན། དང་ཐོག་བློ་སྒོ་འབྱེད་ཐབས་དེ་རིག་ཚན་ཀུན་གྱི་སློབ་ཁྲིད་ལ་སྤྱོད་ཆོག་ཅིང་དེ་ནི་སློབ་ཁྲིད་ཀྱི་མགོ་མཇུག་བར་གསུམ་དུ་གནས་པའི་སྟངས་འཛིན་གྱི་ཐབས་བཟང་པོ་ཞིག་ཀྱང་ཡིན་ཏེ། སློབ་ཁྲིད་ཁྲོད་དགེ་རྒན་གྱིས་བསླབས་པའི་ཤེས་བྱ་དང་ནུས་པ། ཐབས་རྩལ་སོགས་སློབ་མས་སྐབས་ཐོག་ཏུ་ཇི་མ་ཇི་བཞིན་ཁོང་དུ་ཆུད་དཀའ་བས། སློབ་མ་རང་ཉིད་ཀྱིས་ཏང་འགུལ་ངང་རྟོགས་དཔྱོད་དང་བསམ་གཞིག མྱོང་གོམས། སྦྱོང་བརྡར་སོགས་ཡང་ནས་ཡང་དུ་བྱེད་པ་ནི་ཤིན་ཏུ་གལ་འགངས་ཆེ། དེས་ན། སློབ་མས་སློབ་སྦྱོང་གི་བརྒྱུད་རིམ་ནང་རང་ཉིད་ཀྱི་ཧུར་བརྩོན་དང་རང་འགུལ་ཇི་ལྟ་བུ་ཞིག་བྱས་ཡོད་མེད་ཀྱི་ཐོག་ནས་སློབ་མ་སོ་སོའི་སྦྱངས་འབྲས་ལེགས་ཉེས་དང་ལུས་སེམས་གཉིས་ཀའི་འཕེལ་རྒྱས་ཀྱི་མཆོག་དམན་ལ་ཐད་ཀའི་ཐག་གཅོད་ཀྱི་ནུས་པ་ཐོན་སྲིད་པ་གླེང་མེད་ཡིན། དེར་དམིགས་ནས་དགེ་རྒན་གྱིས་སློབ་ཁྲིད་ཀྱི་འགག་གནད་དང་འཕེལ་རིམ་ཚང་མར་སློབ་མའི་སློབ་སྦྱོང་གི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱས་ནས་སློབ་ཁྲིད་འགོ་བརྩམས་པ་ནས་མཇུག་མ་སྒྲིལ་བར་སློབ་མའི་སློབ་སྦྱོང་གི་དང་བ་དང་ཤེས་བྱར་རེ་འདོད་བྱེད་པའི་བློ་སྔོག་འདོན་གྱིས་རང་འགུལ་གྱིས་བསམ་བློ་བཏང་སྟེ་ཞིབ་ནན་གྱིས་དངོས་དོན་ཅི་རིགས་རང་ཉིད་ཀྱིས་ཐག་གཅོད་བྱེད་པའི་ནུས་པ་སྐྱེད་སྲིང་བྱ་དགོས། དེ་ལྟར་བྱུང་ཚེ། ད་གཟོད་སློབ་ཁྲིད་ཀྱི་དམིགས་རེ་མངོན་དུ་འགྱུར་ནས་སློབ་ཁྲིད་ཀྱི་འགན་འཁྲི་ལེགས་གྲུབ་་བྱེད་ཐུབ། དེར་བརྟེན། བློ་སྒོ་འབྱེད་ཐབས་ནི་སློབ་ཁྲིད་ཀྱི་བརྒྱུད་རིམ་ཀུན་ལ་མེད་ཐབས་མེད་པའི་སློབ་ཁྲིད་ཀྱི་ཐབས་ལམ་བཟང་པོ་ཞིག་ཡིན་པ་བསྙོན་དུ་མེད།

    གསུམ་པ། སློབ་ཁྲིད་ཁྲོད་ཐབས་ལམ་དེར་དམིཌ་པའི་བསམ་གཞིག

    (གཅིག) དགེ་རྒན་དང་སྤྱི་ཚོགས། ཁྱིམ་བདག་བཅས་ཀྱིས་སློབ་ཕྲུག་ལ་འཛིན་པའི་མཁྲེགས་འཛིན་གྱི་ལྟ་བར་འགྱུར་ལྡོག་བཏང་ནས། སློབ་ཁྲིད་སྐབས་སློབ་མ་གཙོར་བཟུང་ཐོག རྒྱུ་མ་ཕུ་འདེབས་ཀྱི་སློབ་ཐབས་སྤྱད་ན། ད་གཟོད་སློབ་མའི་ཁུར་པོ་ཇེ་ཡང་དུ་སོང་ནས་རང་འགུལ་ངང་སློབ་སྦྱོང་བྱེད་འདོད་པ་དང་། བསམ་བློ་གཏོང་རྒྱུར་དགའ་ཞིང་བྱང་ཚད་ལེགས་པའི་སློབ་མ་གང་མང་ཐོན་སྲིད།

    (གཉིས) བློ་སྒོ་འབྱེད་པའི་སློབ་ཐབས་དེ་ཕྱིའི་རྣམ་པ་ཙམ་དང་ཕྱོགས་་ཙམ་དུ་འགྲོ་བར་ངེས་པར་དུ་གཟབ་དགོས། དགེ་རྒན་གྱིས་སྣེ་འདོན་དང་སློབ་མ་གཙོར་བཟུང་གི་རྩ་བའི་སློབ་ཁྲིད་བསམ་ཕྱོགས་ལག་བསྟར་དོན་འཁྱོལ་ལེགས་པོ་བྱས་ནས་དགེ་རྒན་གྱིས་ཟུར་ཁྲིད་གང་ལེགས་བྱས་ཐོག སློབ་མའི་ཧུར་བརྩོན་རང་བཞིན་སྔོག་འདོན་གང་ལེགས་ཀྱིས་སློབ་མའི་རང་འགུལ་འདུ་ཤེས་དང་། གནད་དོན་དབྱེ་ཞིབ། དེ་བཞིན་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་སྐྱེད་སྲིང་གང་ལེགས་བྱེད་དགོས་པ་དང་། འཚོ་བ་དངོས་དང་མཐུན་ཞིང་བློ་སྒོ་འབྱེད་ཐུབ་པའི་དྲི་བ་སྣ་མང་འཚོལ་ཞིབ་བྱེད་རྒྱུར་འབད་དགོས།


    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།