
ཟླ་5ཚེས་31ཉིན་གྱི་སྔ་དྲོ། བོད་སྡོད་དཔུང་སྡེ་ཞིག་གི་དཔོན་དམག་གིས་སྣེའུ་ཁུལ་གསར་དམར་དམག་སློབ་ཆུང་དུ་ཡོང་ནས་དགེ་སློབ་ཡོངས་ལ་འཚམས་འདྲི་བྱས་པ་དང་སྦྲགས། སློབ་མ་རྣམས་ལ“དྲུག་གཅིག”བྱིས་པའི་དུས་ཆེན་གྱི་སྨོན་འདུན་ཞུས་ཡོད། བྱེད་སྒོའི་ནང་དཔོན་དམག་གི་འཐུས་མིས་སློབ་མ་དབུལ་པོ་25ལ་སློབ་སྐྱོར་དངུལ་དང་། ཡིག་ཆས། དཔེ་དེབ་སོགས་སྤྲད་ཅིང་། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།
ཟླ་5ཚེས་27ཉིན་གྱི་སྔ་དྲོ། འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་ཚལ་ཆོས་ཐང་གྲོང་ཚོའི་སྐད་གཉིས་བུ་བཅོལ་ཁང་གི“ལྷད་མེད་རང་གཤིས། བདེ་ཐང་འཚར་ལོངས”ཞེས་པའི“དྲུག་གཅིག”ལ་རྟེན་འབྲེལ་ཞུ་བའི་རིག་རྩལ་སྐོང་འཁྲབ་སློབ་གྲྭ་གསར་པའི་ནང་བྱས་པ་དང་། གྲོགས་པོ་ཆུང་ཆུང་52ཀྱིས་དགའ་སྤྲོ་འཁོལ་བའི་གླུ་གར་ལ་བརྟེན་ནས་རང་ཉིད་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད།
ཚལ་ཆོས་ཐང་གྲོང་ཚོ་ནི་ཡངས་པ་ཅན་གྲོང་རྡལ་གྱི་གནད་སྨིན་དབུལ་སྐྱོར་གྱི་གྲུམ་ནད་ཕོག་པའི་གཅིག་སྡུད་གནས་སྤོ་བྱ་ཡུལ་ཡིན་པ་དང་དེ་གར་ནག་ཆུ་དང་། མངའ་རིས། ཆབ་མདོ་བཅས་ཀྱི་གནས་སྤོས་དུད་ཚང་གི་མི་གྲངས་625ཡོད་པའི་ཁྲོད་སློབ་ཞུགས་གོང་གི་བྱིས་པ་52ཚུད་ཡོད། 2017ལོའི་ཟླ་7པར། ཚལ་ཆོས་ཐང་གྲོང་ཚོའི་སྐད་གཉིས་བུ་བཅོལ་ཁང་དུ་སློབ་སྒྱུར་བྱས་ཚུན། ད་ཐེངས་ཁོང་ཚོས་སློབ་གྲྭ་གསར་པའི་ནང་བྱིས་པའི་དུས་ཆེན་གཏོང་ཐེངས་དང་པོ་ཡིན་པ་རེད།
གྲོགས་པོ་ཆུང་ཆུང་ཚོས་གླུ་ལེན་གར་འཁྲབ་དང་བརྩེ་སེམས་ཟབ་བཅངས་ཀྱི་བྱེད་སྒོ་སྤེལ་བ་དང་རིག་རྩལ་འཁྲབ་སྟོན་བྱས་པ་མ་ཟད། ཚལ་ཆོས་ཐང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་། གྲོང་སྡོད་ལས་དོན་རུ་ཁག དགེ་རྒན་དང་ཁྱིམ་བདག་ཚོས་ཀྱང་ངོ་མཚར་ཆེ་བའི་ལེ་ཚན་འཁྲབ་ནས་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད།
རིག་རྩལ་འཁྲབ་སྟོན་མཇུག་འགྲིལ་རྗེས། ཚལ་ཆོས་ཐང་དུ་བཅའ་སྡོད་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ལས་དོན་རུ་ཁག་གིས་གྲོགས་པོ་ཆུང་ཆུང་ཚོར་ཞྭ་མོ་དང་ལྷམ། དེ་བཞིན་གཅེས་སེམས་མི་སྣས་ཞལ་འདེབས་ཕུལ་བའི་ཡིག་ཆས་སྤྲད་དེ་སྤྱི་ཚོགས་ལས་རིགས་ཁག་གི་སྨོན་འདུན་བཟང་པོ་ཕྲུ་གུ་ཚོར་བརྒྱུད་སྤྲོད་བྱས་པ་རེད།