དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • རང་སྐྱོང་ལྗོངས་རང་བྱུང་ཚན་རིག་ཐེབས་རྩའི་རྣམ་གྲངས་རེ་ཞུའི་ལས་དོན་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2018-05-16

    ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར། 2018ལོའི་ལོ་འཁོར་གྱི་རང་སྐྱོང་ལྗོངས་རང་བྱུང་ཚན་རིག་ཐེབས་རྩའི་རྣམ་གྲངས་རེ་ཞུའི་ལས་དོན་སྤེལ་འགོ་ཚུགས་པ་དང་། མཇུག་སྒྲིལ་དུས་ཚོད་ནི་ཟླ་5ཚེས་31ཉིན་བར་ཡིན་པ་རེད། མི་དོན་འབྲེལ་བ་རང་སྐྱོང་ལྗོངས་སུ་གཏོགས་པའི་ཞིབ་འཇུག་པ་ཚང་མས་རང་སྐྱོང་ལྗོངས་ཚན་རྩལ་རྣམ་གྲངས་དོ་དམ་མ་ལག(དྲ་ཚིགས། http:xmsb.tibetsti.gov.cn)ཏུ་ཞུགས་ནས་རེ་ཞུ་བྱས་ཆོག

    ཤེས་རྟོགས་བྱུང་བར་གཞིགས་ན། ལོ་འཁོར་འདིའི་རང་སྐྱོང་ལྗོངས་རང་བྱུང་ཚན་རིག་ཐེབས་རྩའི་རྣམ་གྲངས་ཀྱིས་རང་ལྗོངས་ཀྱི་ཁྱད་ལྡན་ལེགས་ཆའི་ཁྱབ་ཁོངས་ཀྱི་རྨང་གཞིའི་ཞིབ་འཇུག་དང་ཉེར་མཁོའི་རྨང་གཞིའི་ཞིབ་འཇུག་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། དེའི་གྲས་སུ་བོད་ཀྱི་ཞིང་འབྲོག་ལས་དང་། ས་མཐོའི་གསོ་བ་རིག་པ། བོད་ཀྱི་གསོ་བ་རིག་པ། ནུས་རྒྱུ་གསར་པའི་ཐོན་ལས་སོགས་གཙོ་གནད་ཁྱབ་ཁོངས་15ཚུད་ཡོད། རྣམ་གྲངས་ཀྱིས་གཞི་རིམ་དང་ཚན་ཞིབ་ཀྱི་འཐབ་ས་དང་པོའི་ཚན་ཞིབ་ཀྱི་ཉམས་མྱོང་དང་། འཇོན་ཐང་། འཕེལ་རྒྱས་ཀྱི་གཏིང་ཤུགས་བཅས་ངེས་ཅན་ལྡན་པའི་གཞོན་ནུ་ཚན་རྩལ་པར་མ་དངུལ་གྱི་རོགས་སྐྱོར་བྱ་རྒྱུ་ཡིན་པ་དང་། དེའི་དམིགས་ཡུལ་ནི་རང་ལྗོངས་ཀྱི་ཚན་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ། རང་བྱུང་ཚན་རིག་ཁྱབ་ཁོངས་ཁྲོད་དུ་རང་ལྗོངས་ཀྱི་རང་བརྟེན་གསར་གཏོད་འཇོན་ཐང་ཆེ་རུ་གཏོང་ཆེད་ཡིན་པ་རེད།

    ལོ་འཁོར་འདིའི་རང་བྱུང་ཚན་རིག་ཐེབས་རྩའི་རྣམ་གྲངས་ལ་སྤྱིར་བཏང་རྣམ་གྲངས་དང་གཙོ་གནད་རྣམ་གྲངས་གཉིས་སུ་ཕྱེ་ཡོད། སྤྱིར་བཏང་རྣམ་གྲངས་ཀྱི་རོགས་དངུལ་ནི་སྒོར་ཁྲི་5ནས་ཁྲི་10བར་ཡིན་པ་དང་། གཙོ་གནད་རྣམ་གྲངས་ཀྱི་རོགས་དངུལ་ནི་སྒོར་ཁྲི་15ནས་ཁྲི་20བར་རེད། རྣམ་གྲངས་ལག་ལེན་བསྟར་བའི་ཚད་བཀག་ནི་ལོ་1ནས་3བར་ཡིན་ཞིང་། ཞིབ་བཤེར་རྩིས་ལེན་དང་ཚད་གཞི་དང་མཐུན་པའི་རྣམ་གྲངས་ཡིན་ཕྱིན་གནས་ཚུལ་གཞིར་བཟུང་། ལོ་འཁོར་གྱི“རང་བྱུང་ཐེབས་རྩའི”གྲུབ་འབྲས་ཕྱོགས་བསྒྲིགས་ནང་འགོད་རྒྱུ་དང་། ཞིབ་བཤེར་རྩིས་ལེན་ཡག་པོ་ཐུབ་པའི་རྣམ་གྲངས་ལ་ད་དུང་ཐེབས་རྩའི་གཞུང་ལས་ཁང་གི་རྒྱབ་སྐྱོར་རྒྱུན་མཐུད་ཐོབ་རྒྱུ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།