གླེང་གཞི།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཚན་རྩལ་འདེགས་སྐྱོར་འགན་ལེན་བྱ་རྒྱུ་དེ་ཞིང་འབྲོག་ལས་རྒྱུན་མཐུད་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་སྒུལ་ནུས་གསར་པར་བརྩི་རྒྱུ་མཐའ་འཁྱོངས་བྱེད་བཞིན་ཡོད། ཞིང་འབྲོག་ལས་ཚན་རྩལ་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་རང་ལྗོངས་ཀྱི་ཞིང་འབྲོག་པས་ཚན་རྩལ་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་ལམ་བུ་ཇི་ཙམ་སྐྱོད་པ་དེ་ཙམ་གྱིས་ཡངས་སུ་ཕྱིན་ཡོད།
དེ་སྔོན“གནམ་ཆུ་སྒུག་པ”ནི་བྱ་ཐབས་ཟད་པའི་ཞིང་ལས་ཀྱི་སྣང་ཚུལ་ཞིག་རེད། ད་ཆ་ཞིང་ལས་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བའི་ཐད་མཛེས་སྡུག་ལྡན་པའི་འཆར་གཞི་བཀོད་ཡོད་ལ། ཚན་རྩལ་གྱིས་ཞིང་འབྲོག་ལས་ལ་གཤོག་ཟུང་བསྒར་བས་ཚན་རྩལ་གྱི་འོད་མདངས་དེང་རབས་ཞིང་ལས་ཕྱོགས་སུ་ཡོངས་སུ་འཕྲོས།
ཚན་རྩལ་དང་སྒྲིག་སྲོལ་ལམ་སྲོལ་གྱི“སྒུལ་ཤུགས་གཉིས”
ལམ་ལུགས་ལ་ཕུགས་དང་གཞི་རྩ་གཉིས་ཀར་ཕན་པའི་ནུས་པ་ལྡན་ཞིང་། ཞིང་ལས་ཚན་རྩལ་གྱི་གནད་དོན་གལ་ཆེན་ལ་གཞིགས་ནས་རང་ལྗོངས་ཀྱིས《<སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ཟབ་གཏོང་གིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུ་གང་མགྱོགས་ལག་བསྟར་བྱེད་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས>ལག་བསྟར་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བསམ་འཆར་འགའ་ཞིག》དང《“ལོ་ལྔ་ཚན་བཅུ་གསུམ་པའི”ཚན་རྩལ་བོད་སྐྱོར་གྱི་འཆར་གཞི》 《“ལོ་ལྔ་ཚན་བཅུ་གསུམ་པའི”ཚན་རྩལ་གསར་གཏོད་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་འཆར་གཞི》བཅས་སྔ་རྗེས་སུ་བཟོས་ནས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རང་སྐྱོང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་འདེགས་སྐྱོར་བྱེད་པའི་འཐབ་ཇུས་བཟང་པོ་ཞིག་ཏུ་བརྩིས་ཡོད།
ཚན་རྩལ་དོ་དམ་ཁྲོད་ཀྱི་ལམ་ལུགས་ཀྱི་བཀག་རྒྱ་མེད་པ་བཟོ་བའི་ཆེད་དུ། རང་ལྗོངས་ཀྱིས་ཚན་རྩལ་འཆར་འགོད་དང་། ཚན་ཞིབ་འགྲོ་གྲོན། ཚན་རྩལ་སྙན་ཞུ། ཚན་རྩལ་བྱ་དགའ། གོ་མིང་དཔྱད་འཇོག གྲུབ་འབྲས་དཔྱད་ཞིབ། ཚན་རྩལ་ཆེད་མངགས་པ། ཚན་རྩལ་ལས་སྟེགས། གསར་གཏོད་ལས་གཏོད། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་སོགས་ཀྱི་དོ་དམ་ལམ་ལུགས་སྒྱུར་བཅོས་དང་ལམ་སྲོལ་གསར་གཏོད་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་མ་བཏང་ཡོད།
བོད་རང་སྐྱོང་ལྗོངས་ཚན་རྩལ་འཆར་འགོད་རྣམ་གྲངས་དོ་དམ་ལས་སྟེགས་དང་རིགས་གཅིག་མཁས་པའི་བང་མཛོད་བསྐྲུན་པ་དེས་ཚན་རྩལ་རྣམ་གྲངས་དྲ་ཐོག་ཏུ་འདུན་ཞུ་དང་དཔྱད་ཞིབ་ཐེངས་དང་པོ་མངོན་འགྱུར་བྱུང་བ་དང་རྒྱུད་རིམ་ཚང་མར་རྗེས་སྙེག་ལྟ་སྐུལ་དང་རྗེས་ཤུལ་ལ་དོ་དམ་བྱེད་སྟངས་རིམ་བཞིན་ཆགས་ཡོད།
ཚན་རྩལ་མི་སྣའི་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་བྱ་རྒྱུ་ནི་ཚན་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་འགག་རྩ་ཞིག་ཡིན་ཞིང་། རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་ཚན་ཞིབ་རྣམ་གྲངས་ཀྱི་མ་དངུལ་དོ་དམ་བྱ་ཐབས་གསར་གཏོད་ཀྱིས་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ལ་གཞོགས་འདེགས་ཧུར་ཐག་བྱས་ནས《བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་སྤྱོད་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་མ་དངུལ་དང་ཆེད་དོན་མ་དངུལ་དོ་དམ་བྱ་ཐབས》ལ་བཟོ་བཅོས་བརྒྱབ་པ་དང་འབྲེལ། ཐིང་དང་ས་ཁུལ་དང་ཐིང་དང་སློབ་གྲྭ་མཉམ་འབྲེལ་སྐུལ་སྤེལ་གྱི་རྣམ་པ་ཞིག་ཆགས་པར་བྱས་ཏེ་ཕྱོགས་ཁག་གི་མ་དངུལ་ཚན་རྩལ་གསར་གཏོད་ཐད་གཏོང་རྒྱུར་ཁྲིད་སྟོན་བྱས་ཡོད།
ཚན་རྩལ་གསར་གཏོད་ལས་ཞིང་ལས་ཐོན་སྐྱེད་ཀྱི་དཀའ་གནད་བསལ་བ།
ཞིང་ལས་ཚན་རྩལ་གྱིས་ཞིང་དར་དང་། ཞིང་ཕན། ཞིང་ལས་སྟོབས་ཆེར་བཅས་གཏོང་དགོས་ཤིང་། ཞིང་ལས་ཚན་རྩལ་གསར་གཏོད་དང་དེའི་གྲུབ་འབྲས་ཞིང་ལས་དང་། གྲོང་གསེབ། དཔལ་འབྱོར། སྤྱི་ཚོགས་བཅས་འཕེལ་རྒྱས་ཀྱི་གཡུལ་ས་གཙོ་བོར་ཕྱོགས་ཏེ་སྲོལ་རྒྱུན་ཞིང་ལས་དེང་རབས་ཅན་དུ་འགྱུར་རྒྱུར་ཁྲིད་སྟོན་བྱས་ནས་ཞིང་པ་མང་ཚོགས་ལ་ཕན་བདེ་སྐྲུན་དགོས།
རང་ལྗོངས་ཀྱིས་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་ལ་ཤུགས་སྣོན་རྒྱུན་ཆད་པར་བརྒྱབ་སྟེ་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་རྒྱུན་མཐུད་ངང་ཆེ་རུ་བཏང་ཞིང་། ཉེ་བའི་ལོ་ལྔའི་རིང་། རང་ལྗོངས་ཀྱིས་ཞིང་འབྲོག་ཚན་ཞིབ་རྣམ་གྲངས་498ལ་རྒྱབ་སྐྱོར་བྱས་ཏེ་ནས་སོན་སྣ་ཁ་གསར་པ་7ལ་དཔྱད་སྡོམ་དང་དཔེ་སྟོན་ཁྱབ་གདལ་བཏང་བ་དང་། ས་གནས་ཀྱི་འབྲི་གཡག་རྒྱུད་པ་ལེགས་གསོའི་རྟེན་གཞི་དང་འབྲི་གཡག་རྒྱགས་གསོའི་དཔེ་སྟོན་རྟེན་གཞི་5བསྐྲུན་པ་སོགས་གང་ས་ཅི་ཐད་ལ་ཚན་རྩལ་གྱིས་ཞིང་འབྲོག་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོར་གཏོང་ཐད་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
ཁྱད་ལྡན་ཐོན་ལས་ཀྱི་ཚན་རྩལ་གསར་གཏོད་ལ་ཤུཌ་སྣོན་བརྒྱབ་ནས་བོད་རང་ལ་གཞི་ཚུཌ་ཏེ་ཚན་རྩལ་གྱི་གནད་སྨིན་དབུལ་སྐྱོར་ལ་རྒྱབ་སྐྱོར་བྱས་ཤིང་། ཞིང་ལས་ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་རྟེན་གཞིར་སྣ་ཁ་གསར་པ་འགྲེམས་སྟོན་དང་ཐོན་མཐོའི་ལག་རྩལ་འདུས་གྲུབ་དཔེ་སྟོན་བྱས་ཏེ་ནས་དང་། གྲོ འབྲི་གཡག ཁུ་ལྡན་ར། བཟའ་སྤྱོད་ཤ་མོ། གཟན་རྩྭ། བོད་སྨན་སྨན་རྩྭ། སྔོ་ཚལ། འབྲས་ཤིང་སོགས་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ལ་ལས་སྣོན་ཞིབ་ཚགས་བྱེད་པའི་ལག་རྩལ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་བས་ཞིང་འབྲོག་པར་ཐོན་འཕར་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཚན་རྩལ་རྣམ་གྲངས་བརྒྱུད་རང་ལྗོངས་ཀྱི་དུད་ཚང་དབུལ་པོ་1107ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད།
ཞིང་ལས་ལག་རྩལ་ཁྱབ་གདལ་མ་ལག་ནི“གཡང་རྟེན”ལྟ་བུ་ཡིན་པ།
རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་ལོ་ལྟར“ཚན་རྩལ་གཤམ་སྤེལ”དང“ཚན་རྩལ་བྱེད་སྒོའི་གཟའ་འཁོར”སོགས་ཀྱི་རིམ་སྤེལ་ཚན་རྩལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བས་རང་ལྗོངས་ཀྱི་ཞིང་འབྲོག་པའི་ཚན་རྩལ་འདུ་ཤེས་ཟབ་ཏུ་ནུས་ལྡན་ཕྱིན་ཞིང་། 2017ལོར། རང་ལྗོངས་ཀྱིས“ཚན་རྩལ་མེ་འཁོར་བོད་དུ་བསྐྱོད་པའི”བྱེད་སྒོ་ཐེངས་དང་པོ་གྲུབ་འབྲས་ཐོབ་པའི་ངང་གཉེར་ཞིང་། གཙོ་གནད་བྱེད་སྒོ་ཁག་38འཆར་འགོད་ཇུས་འགོད་བྱས་པ་དང་། ཞིང་ལས་དང་། ནགས་ལས། གཏེར་ཁའི་ཐོན་ཁུངས། སྨན་བཅོས་འཕྲོད་བསྟེན། ཚན་རིག་ཁྱབ་གདལ་སློབ་གསོ་སོགས་ཁྱབ་ཁོངས་11གི་ལས་རིགས་ཀྱི་འགོ་ཁྲིད་དང་རིགས་གཅིག་མཁས་ཅན་108སྒྲིག་འཛུགས་བྱས་ཏེ་གྲོང་གསེབ་དང་། སྡེ་ཁུལ། སློབ་གྲྭ། ཚན་པ་བཅས་སུ་བསྐྱོད་ནས་ཆེད་དོན་སྐོར་བསྐྱོད་འཆད་ཁྲིད་སྙན་ཞུའི་ཚོགས་འདུ་དང་། ལག་རྩལ་ཞབས་ཞུ། ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད། ས་ཁུལ་དང་། སྡེ་ཚན། ལས་རིགས་བཅས་ལས་འདས་པའི་མཉམ་འགུལ་མཐུན་སྦྱོར་གྱིས་ཚན་རྩལ་གསར་གཏོད་དང་ཚན་རིག་ཁྱབ་གདལ་ལ་སྐུལ་འདེད་གཏོང་བའི་ལས་ཀའི་ལམ་སྲོལ་དེས་ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བའི་འདུ་ཤེས་མི་སེམས་སུ་ཟུག་པ་བྱས་པ་རེད། (ཚེ་བརྟན་སྒྲོལ་དཀར་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)
འདི་ནི་ཚན་རྩལ་པུའི་གྲོང་གསེབ་ལས་གཏོད་ཀྱི་དབུལ་སྐྱོར་སྔོན་ཐོན་དཔེ་མཚོན་གྲས་སུ་ཚུད་པའི་ནག་ཆུ་གྲོང་ཁྱེར་གྱི“ཁུལ་གསུམ་ཤེས་ལྡན་མི་སྣ”བསྟན་འགྱུར་ནོར་བུས(གཡོན་གྱི་གསུམ་པ)མང་ཚོགས་ལ་ཞིང་འབྲོག་ལས་ཀྱི་སྔོན་ཐོན་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།
འདི་ནི་ཚན་རྩལ་ལ་བརྟེན་ནས་དམངས་ཕྱུག་དང་། རྫོང་དར། མཐའ་བརྟན་བཅས་ཡོང་བའི་ཆེད་དོན་རྣམ་གྲངས་ཏེ། རྫ་ཡུལ་རྫོང་གི་རྟེན་གཞིར་ཚ་ཁུལ་གྱི་འབྲས་ཤིང་འདེབས་བཞིན་པ།
འདི་ནི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གིས་མང་ཚོགས་ཀྱི་ལྟ་བར་འགྱུར་ལྡོག་བཏང་སྟེ་སྦྲང་གསོའི་ཐོན་ལས་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་ལ་རམ་འདེགས་བྱེད་པ།