དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ༄༅། །ལང་ཚོ་དར་ལ་བབས་པའི་དུས་བཟང་འདིར།།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཀརྨ་དབང་གྲགས།   |     སྤེལ་དུས།  2018-04-01

    དབྱིན་ཇིའི་སྒྱུ་རྩལ་མཁས་ཅན་ཤིག་སེ་ཕིར་གྱིས་ལང་ཚོའི་དུས་རབས་ནི་རྨི་ལམ་ཐུང་ངུ་ཞིག་རེད། ཁྱེད་གཉིད་ལས་སད་པའི་དུས་སུ། ལང་ཚོ་ནི་གར་སོང་ཆ་མེད་དུ་གྱུར་ངེས་ཞེས་གསུངས་ཡོད། རང་རྒྱལ་གྱི་སྙན་ངག་པ་ཞི་མུའུ་རུང་གིས་ལང་ཚོའི་དུས་ནི་བྲེལ་བྲེལ་འཚུབ་འཚུབ་ཀྱི་དཔེ་དེབ་ཅིག་ཡིན་ཞེས་གསུངས་ཡོད། གྲོགས་པོ་ཚོ། ལང་ཚོ་ནི་ང་ཚོར་དབང་བའི་ཁྱད་ནོར་དེ་ཡིན། ལང་ཚོའི་དུས་སུ་ས་བོན་འབད་པས་བཏབ་ན། རྒས་དུས་སུ་འབྲས་བུ་གཡུར་དུ་ཟ་བ་ཞིག་ལེན་རྒྱུ་ཡོད་པ་སྨོས་ཅི་དགོས། དེ་ལས་ལྡོག་སྟེ། ལང་ཚོའི་དུས་བཟང་ལ་གཅེས་སྤྲས་མེད་པར་གང་དགའ་གང་སྐྱིད་དང་འདུ་འཛིར་ཞེན་ནས་བསྡད་ཚེ། མཐའ་མཇུག་རང་ལ་དབང་བ་ནི་སྐྲ་དཀར་དང་གཉེར་རིས་ལས་ཅི་ཞིག་ཡོད།

    གྲོགས་པོ་ཚོ། ཨ་ཕའི་བསླབ་བྱ་རྣ་ལམ་དུ་འཁོར་ཨེ་བྱུང་། ཨ་མའི་རེ་སྒུག་བློ་ཡུལ་དུ་དྲན་ཨེ་བྱུང་། ལམ་བུ་ནི་རང་གི་རྐང་འོག་ཏུ་བསྲིངས་ཡོད། མ་འོངས་ཀྱི་ཕུཌ་ལམ་ཡངས་མོར། བརྩོན་འགྲུས་ཀྱི་རྟ་ཕོ་ལྕག་གིས་སྐུལ་དགོས།

    གྲོགས་པོ་ཚོ། བཤེས་གཉེན་དམ་པའི་གདམས་ངག་རྣ་ལམ་དུ་འཁོར་ཨེ་བྱུང་། སྤུན་མཆེད་བཟང་པོའི་རེ་སྨོན་སེམས་དབུས་སུ་དྲན་ཨེ་བྱུང་། སང་ཉིན་ནི་ཁམས་གཙང་གི་ཤོག་དཀར་ཞིག་དང་མཚུངས་པས། ཁྱེད་ཀྱིས་རང་ལ་དབང་བའི་ལྗང་མདོག་གི་འཇིག་རྟེན་ཞིག་ངེས་པར་བཞེངས་དགོས།

    མཚན་མོ་དེ་ལྟར་དུ་འཁྱོལ་འགྲོ་ལ། ཉིན་མོ་འདི་ལྟར་དུ་སླེབས་འོང་། དུས་ཀྱི་གོམ་སྒྲ་ལ་ཆད་དུས་ཡེ་ནས་མེད། ལང་ཚོ་ཡི་ནོར་བུ་ལག་ནས་ཤོར་སོང་ན། གསེར་གྱི་མཆོད་མེ་འཁྱེར་ནས་བཙལ་ཡང་རྙེད་མི་སྲིད། གནའ་མིའི་ཁ་དཔེར། ཕོ་ལོ་དྲུག་གསུམ་བཅོ་བརྒྱད་ལ། མདའ་དང་མདུང་གི་སྤྱོད་ལུགས་ཤེས། མོ་ལོ་ལྔ་གསུམ་བཅོ་ལྔ་ལ། ཞོ་དང་འོ་མའི་དཀྲོག་ལུགས་ཤེས་ཟེར། ལང་ཚོ་དར་ལ་བབས་དུས་སུ། ང་ཚོས་མི་ལུས་རིན་ཆེན་གྱི་དོན་སྙིང་འཚོལ་དགོས། ང་ཚོས་མ་འོངས་ཕུགས་བསམ་ལ་འབད་པས་སྙེགས་དགོས། ང་ཚོས་འགན་སེམས་ལྕི་མོ་ཡིད་ལ་འཆང་དགོས། ལང་ཚོ་དར་ལ་བབས་དུས་སུ། ང་ཚོ་ནི་དཀའ་བའི་འགག་དང་ངལ་བའི་འཕྲང་ལ་སྐྲག་པའི་སྡར་མ་མིན། ང་ཚོ་ནི་བར་ཆད་ཀྱི་ཆར་རླུང་ལ་ཞེད་པའི་ཉམ་ཆུང་མིན། ང་ཚོ་ནི་གདུང་བའི་མིག་ཆུར་དངངས་པའི་བླ་འདར་བ་དེ་བས་མིན།

    གྲོགས་པོ་ཚོ། ཐོན་མི་ཨ་ནུས་རི་རྒྱབ་ཀླུང་བརྒལ་གྱིས་སྐད་ཡིག་གི་ནོར་བུ་བླངས་པའི་གཏམ་རྒྱུད་མ་བརྗེད་ཨང་། རིག་པའི་དཔའ་བོ་དགེ་འདུན་ཆོས་འཕེལ་གྱིས་འཇིག་རྟེན་འགྲིམས་ནས་རིག་གནས་ཀྱི་འགོ་ཁུངས་བཙལ་བའི་སྙིང་སྟོབས་ཡིད་ལ་ངེས་དང་། དཔལ་དོན་གྲུབ་རྒྱལ་གྱིས་རིན་བྲལ་ཚེ་སྲོག་གིས་བྲིས་པའི་འབོད་བརྡ་དྲག་པོ་ཡིད་ལ་འཆང་དགོས།

    གྲོགས་པོ་ཚོ། ལང་ཚོ་དར་ལ་འབབ་པའི་དུས་བཟང་འདིར། མགོ་བོ་གཟེངས་སུ་བཏེགས་ནས། མ་འོངས་ཀྱི་ལང་ཚོའི་གཏམ་རྒྱུད་འབད་པས་འབྲི་རོགས། ལང་ཚོའི་དཔལ་ཡོངས་སུ་འབར་བའི་དུས་བཟང་འདིར། བརྩོན་འགྲུས་ཀྱི་གོ་ཆ་སྤྲས་ནས་མདུན་དུ་ཆས་ཤིག ལང་ཚོའི་གཟི་མདངས་རྒྱས་པའི་དུས་བཟང་འདིར། བློ་འགྱོད་མེད་པའི་མི་ཚེའི་བྱ་གཞག་གཏོད་དང་། གྲོགས་པོ་ཚོ། ང་ཚོ་ནི་ལང་ཚོའི་ནོར་བུས་གཏམས་པའི་ཕྱུག་བདག་ཡིན་ལ། ང་ཚོ་ནི་ཕ་ཡུལ་གྱི་རེ་བ་ཡིན་ཞིང་། ང་ཚོ་ནི་མེས་རྒྱལ་གྱི་འབྱུང་འགྱུར་ཡིན། གྲོགས་པོ་ཚོ། ལང་ཚོ་དར་ལ་བབས་པའི་དུས་བཟང་འདིར། མདུན་སྐྱོད་ཀྱི་གོམ་པའི་འདེགས་འཇོག་མདུན་དུ་སྤོས་ཤིག

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།