འདི་ལོ་ལོ་48ལ་སླེབས་པའི་ཏ་པིན་1991ལོར་ལས་ཀར་ཞུགས་པ་དང་མི་རིགས་སློབ་གསོའི་ལས་ཀ་བྱས་ཏེ་ལོ་16འགྲོ་གི་ཡོད། ད་ཆ་ཁོང་ཅང་སུའུ་ཞིང་ཆེན་ནན་ཐུང་བོད་ལྗོངས་སློབ་འབྲིང་སློབ་མ་ཁྲུའུ་ཡི་ཀྲུའུ་རེན་དང་རྫས་འགྱུར་དགེ་རྒན་གཅིག་ལྕོགས་ཡིན། 2012ལོར་སྐབས་དང་པོའི“མི་སེམས་འགུལ་བའི་སློབ་གྲྭའི་མི་སྣར”བདམས་པ་དང་། 2014ལོར་སྐབས་ལྔ་པའི“མི་སེམས་འགུལ་བའི་ནན་ཐུང·སློབ་གསོའི་མི་སྣར”བདམས་པ། 2016ལོར་ནན་ཐུང་གྲོང་ཁྱེར་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ལ་བདམས་པ་རེད།
ལོ་ལྟར་ཁོང་གིས་སློབ་མ་ཁག་གཅིག་བོད་དང་ནན་ཐུང་དུ་སྲུང་སྐྱེལ་བྱེད་ཀྱི་ཡོད། ཁོང་ནི་ཉིན་ལྟར་སློབ་གྲྭར་སླེབས་སྔ་ཤོས་དང་ལོག་ཕྱི་ཤོས་ཀྱི་དགེ་རྒན་ཡིན། གཟའ་མཇུག་ཏུ་དྲག་ཆར་རླུང་འཚུབ་ཀྱི་གནམ་གཤིས་ཇི་འདྲ་ཞིག་བསྟན་ནའང་ཁོང་གིས་སློབ་མ་འགྲོ་འོང་བྱེད་ཚུལ་ཐོ་འགོད་བྱེད་པའི་བྲེལ་འཚུབ་ཀྱི་གཟུགས་བརྙན་མཐོང་རྒྱུ་ཡོད།
ལས་ཀ་དཀའ་ཚེགས་ཇི་ལྟར་ཆེ་རུང་ཁོང་ནི་སྔར་རྒྱུན་བཞིན་སེམས་ཤུགས་འཕེལ་ཞིང་འཛུམ་དམུལ་དམུལ་དུ་བཞུགས་ཀྱི་ཡོད། འོན་ཀྱང་བཞིན་ལས་འཛུམ་མདངས་འཕྱུར་བའི་ཁོང་གི་ཕྲག་སྟེང་དུ་འཁུར་བའི་འཚོ་འི་ཁུར་པོ་ཇི་ཙམ་ཡོད་པ་སུ་ཞིག་གིས་རྟོགས་ཐུབ། ཏ་པིན་གྱི་བཟའ་ཟླར་མཁལ་མའི་ནད་ལྕི་པོ་ཕོག་ནས་འཚོ་བ་རང་མགོ་མི་ཐོན་པར་བགྲང་བྱ་ལོ་13འདས་ཟིན། ཉིན་མོ་ཁོང་གིས་སློབ་ཁྲིད་གྲ་སྒྲིག་དང་སློབ་ཚན་ཁྲིད་པ་དང་འཛིན་གྲྭའི་ལས་ཀ་དང་སློབ་གྲྭའི་ལས་ཀ་རྫོགས་རྒྱུ་མེད་པ་བྱེད་ཀྱི་ཡོད། མཚན་མོ་ཁོང་གིས་ཕྲུ་གུ་དང་བཟའ་ཟླར་ལྟ་རྟོག་བྱེད་པ་མ་ཟད། གོས་འཁྲུ་བ་དང་། གད་རྒྱག་པ། ཕྲུ་གུར་ཟུར་ཁྲིད་བཅས་བྱེད་ཀྱི་ཡོད། 2014ལོའི་ཟླ་བ་དང་པོར་བཟའ་ཟླའི་ནད་གཞིའི་ཉེན་བརྡ་འབྱོར་ཡང་སེམས་རྣལ་ལ་ཕབ་སྟེ་གྲ་སྒྲིག་འཛིན་གྲྭའི་མཐོ་རིམ་སློབ་འབྲིང་ལོ་རིམ་དང་པོའི་སེམས་པ་སྐྱིད་པོ་མ་བྱུང་བར་ཁྱིམ་དུ་ལོག་འདོད་བྱེད་པའི་སློབ་མར་ངང་རྒྱུད་རིང་པོའི་ངང་བསམ་བློའི་སློབ་གསོ་བརྒྱབ། བཟའ་ཟླའི་ནད་གཞི་བཅོས་རྒྱུར་དངུལ་མཁོ་ཆེ་ནའང་ཁྱིམ་ཚང་དབུལ་པོའི་སློབ་མར་རོགས་རམ་བྱེད་ཀྱི་ཡོད།
2012ལོར་རླངས་འཁོར་གྱི་ལས་འཛོལ་ཁྲོད་ལག་གཡས་པར་རྨས་སྐྱོན་ཕོག་རྗེས་ཁོང་གིས་ལག་གཡོན་མས་ཡི་གེ་བྲིས་ནས་སློབ་མར་སློབ་ཁྲིད་བྱེད་ཀྱི་ཡོད། སློབ་གྲྭ་ཐོན་པའི་སློབ་མ་བསོད་ནམས་དབང་འདུས་ལ་དེ་སྔ་ཀླད་སྐྱིའི་གཉན་ཚད་ཕོག་སྐབས་ཏ་པིན་གྱིས་མཚན་གང་ནད་གཡོག་རྒྱུག་ཡོད། སློབ་གྲྭ་ཐོན་པའི་སློབ་མ་འཇིགས་མེད་དེ་སྔོན་དགེ་རྒན་དང་ཁྱིམ་བདག་གིས་གཅུན་མི་ཐུབ་པའི་སློབ་མ་ཞིག་ཡིན། ཏ་པིན་གྱིས་ངང་རྒྱུད་རིང་པོའི་ངང་སློབ་གསོ་བརྒྱབ་པ་དང་ཟུར་ཁྲིད་བྱས་པ་བརྒྱུད། དེ་སྔའི་སྤྱོད་ཡོན་གཉིས་ཀ་ཞན་པའི་ཕྲུ་གུ་དེ་ཧྭ་ཀྲུང་ཞིང་ལས་སློབ་ཆེན་དུ་རྒྱུགས་འཕྲོད་པ་རེད།
ཅང་སུའུ་ཞིང་ཆེན་ནན་ཐུང་བོད་ལྗོངས་སློབ་འབྲིང་དུ་སླེབས་རྗེས་ཏ་པིན་གྱིས་བྱམས་བརྩེའི་ངང་སློབ་མ་གསོ་སྐྱོང་ཡག་པོ་བྱས་པས་སློབ་མའི་གུས་བཀུར་ཐོབ་པ་དང་སློབ་མ་ཚོས་ཁོང་ལ“ཕ་བཟང་པོ”ཞེས་བརྗོད་ཀྱི་ཡོད།