དེ་ཡང་བོད་ཀྱི་ལོ་རྒྱུས་ཐོག་སྐད་གྲགས་ཆེ་བའི་ལ་སྟོད་བྱང་ཞེས་པའི་ས་ཆ་ནི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་བར་དབུས་གཙང་རུ་བཞིའི་གཡས་རུའི་ནང་ཁོངས་ནུབ་མང་ཡུལ་གུང་ཐང་མན་ཆད་ནས་ཤར་སྟག་ལ་རི་བོ་ཡན་ཆད་ཀྱི་ས་ཆར་ལ་སྟོད་ཅེས་སྤྱི་མིང་དུ་འབོད་ཅིང་། ཡར་ཀླུང་གཙང་པོས་གཞུང་དུ་བཅད་པའི་ལྷོ་བྱང་གཉིས་སུ་ཕྱེ་ནས་བྱང་ཕྱོགས་ཁུལ་གྱི་ས་ཆའི་སྤྱི་མིང་ཞིག་སྟེ། དེང་གི་ངམ་རིང་རྫོང་གི་མངའ་ཁོངས་མང་ཆེ་བ་དེར་འདུས་ཡོད་ལ། ཁ་རྒྱུན་དུ་ལྷོ་དིང་རི་དང་བྱང་ངམ་རིང་ཞེས་ཤོད་སྲོལ་ཡོད། དེའི་རྒྱུད་ཀྱི་ས་ཆ་རྣམས་ལོ་རྒྱུས་འཕེལ་རིམ་ངོས་ནས་བརྗོད་ན། བོད་བཙན་པོའི་སྐབས་དབུས་གཙང་རུ་བཞིའི་ནང་ཚན་གཡས་རུའི་ཁོངས་སུ་གཏོགས་ལ། ས་སྐྱ་པའི་སྲིད་དབང་སྐབས་དབུས་གཙང་ཁྲི་སྐོར་བཅུ་གསུམ་གྱི་ནང་ཚན་ལ་སྟོད་བྱང་ཁྲི་སྐོར་གྱི་ཁོངས་སུ་གཏོགས་ཤིང་། གནས་དེར་བྱང་པ་རྣམ་རྒྱལ་གྲགས་བཟང་གིས་གཙོས་གདུང་རབས་རྣམས་ཀྱིས་དུས་ཡུན་རིང་པོར་དབང་བསྒྱུར་མཛད་པས་ཁོང་ཚོར་མཚན་ཡང་བྱང་པ་རྒྱལ་པོར་གྲགས། དགའ་ལྡན་ཕོ་བྲང་སྐབས་དབུས་གཙང་རྫོང་ཆེན་བཅུ་གསུམ་མམ་བཅོ་བརྒྱད་ཀྱི་ཡ་གྱལ་ཏེ། ངམ་རིང་ཁྱུང་རྫོང་དཀར་མོ་ཞེས་སྲིད་དབང་ཡོད་སྐད། །
ལ་སྟོད་བྱང་ངམ་རིང་གི་ས་ཆ་དེ་སྤྱིར་གཙང་གཞུང་མདོ་གཞུང་དང་ཅུང་ནང་མུས་ནང་ཞེས་གཞུང་གཉིས་ནང་གཉིས་དང་སྐྱེམས་མཚོའི་མཐའ་འཁོར་ས་ཆར་མཚོ་སྐོར་ཞེས་ཡུལ་ཚོ་ཁག་ལྔར་འབྱེད་སྲོལ་ཡོད་ཅིང་། འདིར་སྐབས་བབ་ཀྱི་བརྗོད་གཞི“མདོ་གཞུང”ཞེས་པའི་ས་ཆ་དེའི་མིང་ཇི་ལྟར་ཐོགས་ཚུལ་སྐོར་ལ་ཅུང་ཟད་དཔྱད་པར་འདོད་དེ། དེ་ཡང་མདོ་གཞུང་ཞེས་པའི་ས་ཆ་དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་སྙན་གྲགས་ཆེ་བའི་སྐྱེས་ཆེན་དམ་པ་པཎ་ཆེན་སྐུ་ཕྲེང་དང་པོ་མཁས་གྲུབ་དགེ་ལེགས་དཔལ་བཟང་དང་། ཁོང་གི་གཅུང་པོ་བ་སོ་ཆོས་ཀྱི་རྒྱལ་མཚན། བྱང་བདག་རྣམ་རྒྱལ་གྲགས་བཟང་དང་བྱང་བདག་བཀྲ་ཤིས་སྟོབས་རྒྱལ། དེ་བཞིན་དེང་རབས་ཀྱི་མཁས་དབང་རྡོ་རྗེ་རྒྱལ་པོ་སོགས་ཀྱི་འཁྲུངས་ཡུལ་ཡིན་པས། དམ་པ་དེ་རྣམས་ཀྱི་མཛད་རྣམ་དང་། དེ་བཞིན་མདོ་གཞུང་རྒྱུད་ཀྱི་རྩ་ཆེའི་དགོན་སྡེ་ངོ་སྤྲོད་བྱེད་པའི་གནས་བཤད་སོགས་སུ“མདོ་གཞུང”ཞེས་པའི་ས་མིང་དེ“མདོག་གཞུང”དང“ལྡོག་གཞུང” “སྡོག་གཞུང” “རྡོག་གཞུང”སོགས་འབྲི་ཚུལ་མི་གཅིག་པ་སྣ་ཚོགས་ཤིག་སྣང་ཞིང་། ཐ་ན་དཔེ་ཆ་གཅིག་རང་གི་གོང་འོག་ཏུའང་འབྲི་ཚུལ་མི་འདྲ་བ་མང་པོ་མཆིས། གཞན་ཡང་། བོད་རྒྱ་ཚིག་མཛོད་ཆེ་མོ་དང་དུང་དཀར་ཚིག་མཛོད་ཆེ་མོར“མདོ་གཞུང”ཞེས་པའི་ཡིག་འབྲུ་འདི་རང་ལ་འགྲེལ་པ་མཇལ་རྒྱུ་མི་འདུག་ལ། དེ་དང་འབྲེལ་བའི་མི་སྣ་དང་དགོན་སྡེའི་ངོ་སྤྲོད་ལའང་གོང་མཚུངས་ཡིག་གཟུགས་མི་འདྲ་བ་གང་ཡང་བེད་སྤྱོད་གནང་འདུག དཔེར་ན། དུང་དཀར་ཚིག་མཛོད་དུ། མཁས་གྲུབ་དགེ་ལེགས་དཔལ་བཟང་གི་མཆན་འགྲེལ་དུ། རྗེ་ཙོང་ཁ་པ་ཆེན་པོའི་ཐུགས་སྲས་གཙོ་བོ་ཞིག་རེད། ལ་སྟོད་བྱང་གི་ས་ཆའི“ལྡོག་གཞུང”དུ་བྱང་པ་བདག་པོའི་དཔོན་རིགས་ཡབ་བཀྲ་ཤིས་དཔལ་བཟང་དང་། ཡུམ་བུ་འདྲེན་རྒྱལ་མོ་གཉིས་ལ་སྲས་གསུམ་ཡོད་པའི་ཆེ་བ་ཡིན་ཞེས་དང་། དགའ་ལྡན་ཆོས་འབྱུང་བེེཌཱུརྱ་སེར་པོར། གདན་ས་རི་བོ་དགའ་ལྡན་གྱི་ཁྲི་པ་རིམ་བྱུང་བརྗོད་པའི་སྐབས། ཁྲི་ཐོག་གསུམ་པ་མཁས་གྲུབ་དགེ་ལེགས་དཔལ་བཟང་པོ་ནི། གཙང་སྟོད“མདོག་གཞུང”དུ་ཡབ་བཀྲ་ཤིས་དཔལ་བཟང་དང་། ཡུམ་བུ་འདྲེན་རྒྱལ་མོ་ལ་བར་པ་བ་སོ་ཆོས་ཀྱི་རྒྱལ་མཚན་ཐ་ཆུང་བསོད་ནམས་བཀྲ་ཤིས་ཏེ་སྲས་གསུམ་མངའ་བའི་ཆེ་བར་རབ་བྱུང་བདུན་པའི་ཤིང་གླང་ལོར་འཁྲུངས་ཞེས་འཁོད་འདུག མ་གཞི་དམངས་ཁྲོད་ངག་རྒྱུན་དང་། དམངས་གཞས་སོགས་སུ་མདོག་སྟོད་དང་། མདོག་སྨད། དེ་བཞིན་མདོག་ལྷོ་ལ་མོ་སོགས་གོ་ཐོས་བྱུང་ཡང་ས་ཆ་དེའི་རྒྱུད་ལ་མིང་དེ་ཇི་ལྟར་ཐོགས་པའི་སྐོར་སོགས་གསལ་ཆ་ལྡན་པའི་དཔྱད་གཞིའི་ཡིག་རིགས་ཤིག་ད་བར་ཁོ་བོས་མིག་མཐོང་ལག་སོན་མ་བྱུང་བས། ཡང་སྙིང་ས་ཆ་དེར་མིང་དེ་ཇི་ལྟར་ཐོགས་པ་དང་། དེ་ལྟར་ཐོགས་པའི་རྒྱུ་མཚན། དེ་བཞིན་དེ་ཇི་ལྟར་འབྲི་དགོས་ཚུལ་ཐད་རང་གི་ལྟ་ཚུལ་ཅུང་ཟད་གླེང་བར་འདོད་དོ།།
དང་པོ། མདོ་གཞུང་ཞེས་པའི་མིང་དེ་ཇི་ལྟར་ཐོགས་ཚུལ་གླེང་བ།
དེ་ཡང་མིང་ལ་རྒྱུ་མཚན་ལྡན་མི་ལྡན་གཉིས་ཀྱི་ཆ་ནས་དངོས་མིང་དང་བཏགས་མིང་གཉིས་སུ་དབྱེར་ཡོད་པ་ལས། དངོས་མིང་ནི་རྒྱུ་མཚན་གང་ལའང་མ་བལྟོས་པར་འདོད་པའི་དབང་གིས་བཏགས་པའི་མིང་རྣམས་ཏེ། དཔེར་ན། ས་ཆུ་མེ་རླུང་དང་། རི། ཁང་པ་སོགས་སོ། བཏགས་མིང་ནི་དེ་ལྟར་མ་ཡིན་པར་འདྲ་བ་དང་འབྲེལ་བ་སོགས་རྒྱུ་མཚན་དུ་བྱས་ནས་བཏགས་པའི་མིང་རྣམས་ཏེ་མིང་དེ་ལྟར་འདོགས་དགོས་པའི་རྒྱུ་མཚན་བཙལ་ན་རྙེད་རྒྱུ་ཡོད་པའི་རིགས་ལ་བྱ། དཔེར་ན། ཁང་སྟེང་གི་བྱིའུ་ལ་ཁང་བྱིའུ་ཞེས་ཟེར་བ་ལྟ་བུའོ།། འོ་ན། མདོ་གཞུང་ཞེས་ས་མིང་འདི་དངོས་མིང་དང་བཏགས་མིང་གཉིས་ལས་གང་ཡིན་ཟེར་ན། དེ་བཏགས་མིང་ཡིན་པར་སེམས་ཏེ། ས་ཆ་དེའི་རྒྱུད་དུ་མདོ་གཞུང་གཙང་པོ་རྒྱུགས་ཁུལ་ཡིན་པས་ཆུ་བོའི་མིང་དེ་ལ་བརྟེན་ནས་ས་མིང་ཡང་མདོ་གཞུང་ཞེས་ཐོགས་པར་སྙམ། དེ་ཡང་། རང་རེ་བོད་ཁུལ་དུ་ཆུ་བོའི་མིང་དེ་དེ་རྒྱུག་ཁུལ་གྱི་གནས་དེར་ཐོགས་པར་ཤིན་ཏུ་མང་སྟེ། དཔེར་ན། ཡར་ཀླུང་གཙང་པོ་རྒྱུག་ཁུལ་ལ་ཡར་ཀླུང་གཞུང་ཞེས་པ་དང་། མྱང་ཆུ་གཙང་པོ་རྒྱུག་ཁུལ་ལ་མྱང་གཞུང་ཞེས་པ་ལྟ་བུའོ། དེས་ན་མདོ་གཞུང་ཞེས་པའི་མིང་དེ་ཡང་གནས་དེ་ནི་མདོ་གཞུང་གཙང་པོ་རྒྱུག་ཁུལ་ཡིན་པས་ན་དེ་ལྟར་ཐོགས་པ་མིན་ནམ་སྙམ།།
གཞན་ཡང་། ཤོད་རྒྱུན་གཞན་ཞིག་ལ། སྔར་རྒྱ་གར་ཤར་ཕྱོགས་ཟ་ཧོར་རྒྱལ་པོའི་སྲས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་མངའ་རིས་སུ་བོད་བཙན་པོའི་གདུང་རབས་ལྷ་བླ་མ་ཡེ་ཤེས་འོད་དང་། བྱང་ཆུབ་འོད་ཀྱིས་འབད་པས་གདན་དྲངས་པས། དེ་ཉིད་བོད་དུ་བྱོན་ཏེ་མདོ་སྔགས་ཀྱི་བསྟན་པར་དག་ཐེར་མཛད་ནས་དབུས་གཙང་དུ་ལོ་དགུ་བཞུགས་རིང་། ད་ལྟ་ངམ་རིང་གི་མདོ་གཞུང་ཞེས་པའི་ས་ཆ་དེ་བརྒྱུད་ནས་བྱོན་དུས། དེར་མདོ་རྒྱུད་ཀྱི་བཀའ་ཆོས་སྤེལ་བས“མདོ་གཞུང”དུ་མིང་ཐོགས་ཞེས་ཟེར་སྲོལ་ཞིག་ཀྱང་ཡོད་མོད། འོན་ཀྱང་ཟེར་སྒྲོས་དེར། ཁུངས་འཕེར་གྱི་དཔྱད་ཡིག་བཙལ་མོད། མཐོང་ཆོས་སུ་མ་མཆིས་ཤིང་། དད་པ་དག་སྣང་གི་རྗེས་སུ་སོང་ནས། དེ་ལྟར་བརྗོད་པ་མིན་ནམ་སྙམ།
གཉིས་པ། མདོ་གཞུང་ཞེས་པའི་མིང་དེ་ཐོགས་དགོས་པའི་རྒྱུ་མཚན་གླེང་བ།
གོང་དུ་ཞུས་པ་ལྟར། མདོ་གཞུང་ཞེས་པའི་ས་མིང་དེ་ནི་དེའི་ཁུལ་དུ་རྒྱུག་པའི་ཆུ་བོའི་མིང་གནས་དེར་ཐོགས་པ་ཡིན་པས། མདོ་གཞུང་གཙང་པོའི་མིང་དེ་ཇི་ལྟར་བྱུང་ཚུལ་ཤེས་ན། མདོ་གཞུང་ཞེས་པའི་ས་མིང་གི་ཐོགས་ཚུལ་ཡང་རང་བཞིན་གྱིས་ཤེས་འགྲོ་བས། མདོ་གཞུང་གཙང་པོ་ཞེས་པའི་མིང་དེ་ཇི་ལྟར་ཐོགས་ཚུལ་བརྗོད་པར་བྱ་སྟེ། མདོ་གཞུང་གཙང་པོ་ནི་ཡར་ཀླུང་གཙང་པོའི་ཆུ་ལག་གཙོ་བོ་ལྔ་སྟེ་མྱང་ཆུ་གཙང་པོ་དང་། སྐྱིད་ཆུ། ཀོང་པོའི་ཉང་ཆུ། ཕར་ལུང་གཙང་པོ་བཅས་ཚུད་པའི་ཡ་གྱལ་ཞིག་ཡིན་ཞིང་། གཙང་པོའི་བཞུར་རྒྱུན་ལ་སྤྱི་ལེ་300ལྷག་ཙམ་ཡོད་ཅིང་ཆུ་མགོ་གངས་ཏེ་སིའི་རི་རྒྱུད་སྟག་རྐྱལ་མཚོར་གཏུགས་ཡོད་ལ། བྱང་གཞུང་གཙང་པོ་དང་ལྷོ་གཞུང་གཙང་པོ་ཞེས་ཆུ་མགོ་གཉིས་ནས་རྒྱུགས་ཡོང་བའི་ཆུ་ལག་གཉིས་ར་དགའ་ཞེས་པའི་ཆུ་མདོར་འཕྲད་ཅིང་དེའི་རྒྱུད་དུ་ཆུ་མིང་ཡང་ར་དགའ་གཙང་པོར་འབོད། དེ་ནས་ངམ་རིང་རྫོང་གྱད་རགས་རྒྱུད་དུ་འབབ་སྐབས་གྱད་རགས་གཙང་པོ་ཞེས་འབོད། སྔར་རྒྱུན་བྱས་ན་གྱད་མདོར་ཨམ་གཞུང་ནས་བབ་པའི་ཨམ་གཞུང་གཙང་པོ་དང་འདྲེས་ནས་བབ་པའི་གཙང་པོ་དེར་ད་གཟོད་མདོ་གཞུང་གཙང་པོ་ཞེས་ཟེར། དེ་ནས་སྤྱི་ལེ་200ཙམ་མདོ་གཞུང་གི་ས་ཆ་བརྒྱུད། མཐར་ད་ལྟའི་ལྷ་རྩེ་རྫོང་ཕུན་ཚོགས་གླིང་ཤང་གིས་ཉེ་འགྲམ་དུ་ཡར་ཀླུང་གཙང་པོར་འདྲེས་ནས་བབས།།
དེས་ན། ཆུ་མགོ་གངས་ཏེ་སིའི་རི་རྒྱུད་ནས་བྱུང་བའི་ཆུ་ཀླུང་གཉིས་ཡུལ་ལུང་མང་པོ་འགྲིམས་ནས་མཐར་འཛོམས་འགག་གམ་ཆུ་མདོ་གང་རུང་ཞིག་ཏུ་འདྲེས་པས་ས་ཆ་དེར་མདོ་ཞེས་རྗེས་གྲུབ་ཀྱི་རྣམ་པའི་ཐོག་ནས་མིང་དེ་ཆགས་ཤིང་། དེ་ནས་མུ་མཐུད་ལུང་པའི་དཀྱིལ་ལམ་ལུང་གཞུང་དེ་བརྒྱུད་ནས་རྒྱུག་འགྲོ་བས་དཔེར་ན། མྱང་གཞུང་། གཙང་གཞུང་ཞེས་པ་དང་འདྲ་བར་མདོ་གཞུང་ཞེས་བྱུང་བར་སེམས་སོ།།
གསུམ་པ། མདོ་གཞུང་ཞེས་པའི་ས་མིང་དེ་ཡང་སྙིང་ཇི་ལྟར་འབྲི་དགོས་ཚུལ་གླེང་བ།
འོ་ན། མདོ་གཞུང་གཙང་པོའི་ཞེས་པའི“མདོ་གཞུང”གི་དག་ཆ་ཇི་ལྟ་བུ་ཡིན་ཟེར་ན། སྤྱིར་བོད་ཀྱི་ལུང་པར་མདོ་དང་། གཞུང་། ཁམས་སོགས་ས་མིང་མཚོན་པའི་ཐ་སྙད་མང་དག་ཅིག་བེད་སྤྱོད་བྱེད་པ་ལྟར། མདོའམ་མདའ་ཞེས་པ་ནི་ཆུ་དང་ལམ་སོགས་ཀྱི་འཛོམས་འགག་དང་སྨད་ལྟ་བུ་དང་། ཁང་པའི་ཕྱི་ནང་གི་ཕྱི་སོགས་ཀྱི་དོན་ཡིན་ཏེ། དཔེར་ན། ལུང་པའི་ཕུ་མདོ(མདའ)དང་ཁང་པའི་མདོ་སྦུག་ལྟ་བུའོ།། དེས་ན། མདོ་གཞུང་གཙང་པོ་ནི་ཡུལ་ལུང་མི་འདྲ་བ་ནས་ཡོང་བའི་ཆུ་བོ་གང་རུང་མཉམ་དུ་འདྲེས་པའམ་འཛོམས་པ་ལས་བྱུང་བ་ཞིག་ཡིན་པ་གོང་དུ་སྨྲོས་པ་བཞིན་ལགས་ན། དེར་མདོ་གཞུང་གཙང་པོ་ཟེར་དོན་ཡང་། ཆུ་བོའི་འཛོམས་འགག་གམ་འདྲེས་མཚམས་གང་རུང་ནས་ལུང་པའི་མདོར་རྒྱུག་འགྲོ་བས་དེ་ལྟར་བརྗོད་པ་ཧ་ཅང་གསལ་བས། དེའི་དག་ཆ་མདོ་གཞུང་ཞེས་བྲིས་ན་འཐད་པར་སྙམ་མོ།།
འོ་ན། རྣམ་ཐར་དང་། ཆོས་འབྱུང་སོགས་མང་ཆེ་བར་མདོག་གཞུང་ཞེས་པ་ཐོན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེ་ནི་ཕལ་ཆེར་ཁ་སྐད་ཤོར་བ་མིན་ནམ་སྙམ་སྟེ། རང་རེའི་ཁུལ་དུ་ས་མིང་སོགས་ངག་ནས་བརྗོད་དུས། ཚེག་ཁྱིམ་གོང་མར་རྗེས་འཇུག་མེད་ན། ཚེག་ཁྱིམ་རྗེས་མའི་སྔོན་འཇུག་དེ་ཚེག་ཁྱིམ་སྔོན་མ་དང་སྦྲེལ་ནས་འདོན་སྲོལ་ཡོད་པ་སྟེ། དཔེར་ན། ཨ་མདོ་ལ་ཨམ་མདོ་དང་། རྒྱུ་མཚན་ལ་རྒྱུམ་མཚན། རྒྱ་མཚོར་རྒྱམ་མཚོ་ཞེས་འབོད་པ་ལྟར། “མདོ་གཞུང”ལ་ཡང་ཁ་སྐད་དུ་མདོག་གཞུང་ཞེས་འབོད་པས་མདོག་གཞུང་ཞེས་པའི་འབྲི་སྲོལ་འདི་བྱུང་བར་སེམས་སོ།།
གཞན་ཡང་། ཆོས་འབྱུང་དེབ་ཐེར་དང་། གནས་ཡིག རྣམ་ཐར། དེ་བཞིན་ཚིག་མཛོད་དག་ཏུ། “ལྡོག་གཞུང”“སྡོག་གཞུང” “རྡོག་གཞུང”ལྟ་བུའི་འབྲི་ཚུལ་མི་འདྲ་བ་བྱུང་བ་ནི། སྒྲ་འདྲ་བའི་མིང་བརྡ་ཕན་ཚུན་རྩོམ་མཁན་ནམ་ཡིག་མཁན་གྱིས་དེ་ཙམ་མ་བརྟགས་མ་དཔྱད་པར་གང་འདོད་དུ་བྲིས་པའམ། ཡང་ན། ས་མིང་དང་མིའི་མིང་མང་པོ་ཞིག་དེའི་སྒྲ་ཐོན་ན་དོན་ལ་དེ་ཙམ་སྣང་འཇོག་མ་བྱས་པའི་གནད་དོན་ཡང་ཡིན་སྲིད་སྙམ་མོ།།