དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སློབ་གསོ་གསུམ་ལ་དོ་སྣང་བྱས་ཏེ་ཤེས་རིག་དང་ཀུན་སྤྱོད་ལྡན་པའི་མི་སྣ་གསོ་སྐྱོང་བྱ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-12-20

    སློབ་གསོ་ནི་ཤེས་ཡོན་ངེས་ཅན་ཐོབ་པའི་ཡིད་ཆེས་དང་། ཀུན་སྤྱོད་དྭངས་གཙང་ལ་ཕྱོགས་པའི་སྒྲོན་མེ། འཇིག་རྟེན་གསར་པར་འཇུག་པའི་ལྡེ་མིག་ལྟ་བུ་ཡིན་ལ་རྒྱལ་ཁབ་ཅིག་དང་། མི་རིགས་ཤིག ཁྱིམ་ཚང་གཅིག་བཅས་ཚང་མའི་དར་རྒུད་སློབ་གསོར་རག་ལུས་ཡོད། དེར་བརྟེན། སློབ་གསོས་ངེས་པར་དུ་ཤེས་ལྡན་ཀུན་སྤྱོད་གཙང་བའི་མི་སྣ་གང་མང་གསོ་སྐྱོང་བྱས་ཏེ་དུས་རབས་ཉེར་གཅིག་པའི་འགྲན་རྩོད་ཆེ་མོའི་ཁྲོད་མགོ་བོ་མཉམ་འདེགས་དང་། གོམ་པ་མཉམ་བགྲོད། དཔུང་པ་མཉམ་གཤིབ་ངང་བསྐྱོད་པའི་ལམ་ཕྱོགས་གསལ་སྟོན་བྱེད་དགོས་པ་མ་ཟད། བདེ་ཐང་གི་ལུས་པོ་དང་། དྭངས་གཙང་གི་ཁོར་ཡུག ཞི་བདེ་དང་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བཅས་བསྐྲུན་པའི་ཀུན་སྤྱོད་དེ་ཡང་སློབ་གསོ་ཉིད་ལ་རག་ལས་སྟབས། ཁོ་བོས་དེ་འབྲེལ་གྱི་སློབ་གསོའི་ཉམས་མྱོང་ཕྲན་བུ་གླེང་བར་འདོད།

    དང་པོ། ཤེས་ཡོན་སློབ་གསོ།

    ཤེས་བྱ་ཡོན་ཏན་ནི་འཇིག་རྟེན་རྨོངས་མུན་གྱི་ལམ་ལས་ཐར་བར་བྱ་བའི་སྒྲོན་མེ་ཞིག་དང་། བྱ་བའི་འཇུག་ལྡོག་ལ་ལེགས་ཉེས་བླང་དོར་གྱི་བརྡར་ཤ་གཅོད་པའི་ཤེས་རབ་ཀྱི་རལ་གྲི་རྣོ་པོ་ཞིག་ཡིན་སྟབས། རང་གཞན་ཀུན་གྱི་རྒྱུད་ལ་ངེས་པར་དུ་ལྡན་དགོས་པ་ཞིག་རེད། དེས་ན་བྱིས་པར་ཤེས་ཡོན་སློབ་པའི་ཆེས་འགག་རྩ་ནི་དགེ་རྒན་གྱི་ཤེས་བྱའི་སྦྱངས་ཚད་དང་། སློབ་གཞི་སློབ་ཁྲིད་ཀྱི་ཐབས་ལམ་དང་འབྲེལ་བ་དམ་ཟབ་ཡོད་པས་དགེ་རྒན་གྱིས་དུས་དང་རྣམ་པ་ཀུན་ཏུ་སྦྱངས་ཚད་དང་། ཉམས་མྱོང་གཉིས་གསོག་འཇོག་གང་ལེགས་བྱས་ཏེ་སློབ་མར་སློབ་ཁྲིད་ཡག་པོ་བྱ་རྒྱུ་དེ་འགན་འཁྲི་ཞིག་ནས་སྤྲོ་སེམས་ཤིག་ཏུ་འཕེལ་བ་བྱ་དགོས།

    སློབ་གྲྭ་ནི་བུ་ཕྲུག་ཚོའི་ཁྱིམ་ཚང་གཉིས་པ་དང་། དགེ་བའི་བཤེས་གཉེན་ནི་ཕ་མ་གཉིས་པ་ལྟ་བུ་ཡིན་པས་དགེ་རྒན་གྱི་ཀུན་སྤྱོད་དང་ཡོན་ཚད་ཀྱི་ཚད་གཞི་ངེས་ཅན་ཞིག་མེད་ན་སློབ་ཚན་གྱི་དཀའ་གནད་དམ་གཙོ་གནད་གསལ་པོར་སྟོན་མི་ཐུབ་པ་དང་། མིང་ཚིག་གི་འགྲེལ་པ་གནད་དུ་མི་འཁེལ་བ། དཔེར་བརྗོད་རྙོག་ཅིང་མཁྲེགས་ལ་གོ་བ་ལོན་དཀའ་བ། ཐ་ན་སློབ་གཞིའི་དབྱེ་མཚམས་དང་གཙོ་ཕལ་གཉིས་ཀྱང་ཕྱིན་ཅི་ལོག་པའི་གནས་ཚུལ་ཐོན་རྒྱུ་ནི་གདོན་མི་ཟ། དེ་ཡང་དགེ་རྒན་གྱི་ཡོན་ཚད་དམའ་དྲགས་ན། སློབ་ཁྲིད་ཀྱི་ཐབས་ལམ་ཕུན་སུམ་ཚོགས་པོ་ཡོང་བར་དཀའ་ཞིང་ཉམས་མྱོང་གསོག་འཇོག་གི་བློ་གྲོས་ལའང་རྩལ་ལག་རྒྱས་པར་མི་ནུས་ལ་སློབ་ཁྲིད་ཀྱི་བྱ་ཐབས་འབྲི་ཀློག་འཛིན་གསུམ་ཁོ་ནར་བརྟེན་ན། གཅིག་ནས་སློབ་ཕྲུག་གིས་སློབ་ཚན་མགོ་ནས་མཇུག་བར་ཀློག་ཤེས་ཙམ་ལས་དེའི་གཙོ་དོན་ནམ་སྙིང་དོན་དང་། དུམ་མཚམས། མི་སྣ། བྱ་དངོས་གང་ལ་ཡང་དབྱེ་ཞིབ་དང་གོ་བ་གཏིང་ཟབ་ལོན་མི་ཐུབ་པ་དང་། གཉིས་ནས་ནང་དོན་ཁག་གཅིག་ཟིན་བྲིས་དེབ་ཐོག་ཏུ་འབྲི་ཤེས་པ་ཙམ་ལས་ཡིག་གཟུགས་དང་། དག་ཆ། ཕྲད་སོགས་ལ་སྣང་འཇོག་བྱེད་མི་ཐུབ། གསུམ་ནས་དཔེ་དེབ་དང་ཟིན་བྲིས་ལ་འཁོད་པའི་རྩ་བ་འགའ་ཞིག་ཉིན་ལྟར་ངག་ལ་ཟིན་དུ་བཅུག་ནས་གནས་སྐབས་ཀྱི་རྒྱུགས་ལེན་ལ་ཁ་གཅོག་ཐུབ་པ་ལས་ཕུགས་ཕན་གྱི་རྨང་གཞི་བརྟན་པོ་ཞིག་འདིང་མི་ཐུབ་སྟབས་དགེ་རྒན་རང་ཉིད་ཀྱང་ཡིད་ཐང་ཆད་དེ་མ་དག་རྒྱུན་འབྱམས་ཀྱི་སློབ་ཁྲིད་ཀྱི་ཐབས་ལམ་སྐྱོ་པོ་འདིའི་འཆིང་རྒྱ་ལས་ཐར་བའི་སྤོབས་སེམས་དང་བྲལ་ཏེ་ཅི་བྱ་གཏོལ་མེད་དུ་འགྱུར་་པར་ངེས།

    སྐད་ཡིག་སློབ་ཚན་གཙོས་པའི་སློབ་ཚན་གང་ཞིག་ཡིན་རུང་ནག་པང་དང་། སྦྱང་ཤིང་། སྦྱོང་དེབ་བཅས་ཀྱི་ཐོག་ཏུ་ཡིག་གཟུགས་ལེགས་པོ་རྒྱུན་འཁྱོངས་ནས་འབྲི་རྒྱུ་གལ་འགངས་ཤིན་ཏུ་ཆེ། དགེ་རྒན་གྱི་ཡིག་གཟུགས་ནི་སློབ་མའི་ངོས་ནས་བརྗོད་ན། དགེ་རྒན་དེར་གདེང་འཇོག་བྱེད་པའི་ཐོག་མའི་བག་ཆགས་ཡིན་པས་ཡིག་གཟུགས་གཙང་ཞིང་གྲལ་འགྲིག་པ་དང་མཛེས་པའི་དཔེ་གཟུགས་ཀྱི་རྩ་དོན་ནན་སྲུང་གིས་སློབ་མས་བལྟས་པ་ཙམ་གྱིས་སྤྲོ་སྣང་དང་མོས་པ་ཅིག་ཅར་དུ་འཕེལ་ཏེ་སྦྱངས་འདོད་ཀྱི་ཀུན་སློང་ཞིག་སྐྱེ་ཐུབ་པ་ལས་རང་གིས་བྲིས་པའི་ཡི་གེ་སོ་སོ་རང་ཉིད་ཀྱིས་ཀྱང་བལྟ་བའི་སྤྲོ་བ་མེད་ཅིང་ཉེ་རིང་གང་ནས་བལྟས་ཀྱང་སྲིན་གཟུགས་རྩམ་ཤུལ་དུ་གསལ་བ་ལྟ་བུའི་སྐྱོན་ལས་ཐར་བར་འབད་དགོས།

    གཞན་ཡང་དགེ་རྒན་གྱིས་ཐ་སྙད་ཀྱི་འགྲེལ་པ་དང་། བརྗོད་པ་གང་རུང་གི་དཔེར་བརྗོད་འགོད་དུས་དོན་དངོས་ཀྱི་འཚོ་བ་དང་སྡེབ་ཅིང་། ཚིག་རྒྱས་བསྡུས་རན་པ། རྣ་བར་སྙན་ཞིང་བློ་ལ་འཛིན་བདེ་བ། དགོད་བྲོ་ཞིང་ངོ་མཚར་བའི་བརྗོད་པ་ཞིག་ཏུ་བསྒྲུབ་གང་ཐུབ་བྱས་ཏེ་བཀླགས་པ་ཙམ་གྱིས་ཡིད་ལ་སིམ་པའི་མྱོང་བ་ཞིག་ཏུ་འགྱུར་བ་བྱེད་དགོས། འབྲི་ཀློག་ལྟ་བུའི་སློབ་ཚན་ཁག་སློབ་མར་འཚམ་པའི་སྡེ་ཚན་དུ་དབྱེ་སྟེ་དབྱེ་མཚམས་དེ་དག་སློབ་མའི་སྤྱིའི་འདོད་པ་དང་མཐུན་པ་ཞིག་བཟོ་དགོས་ལ། ཞོར་དུ་སློབ་མར་ཡི་གེ་འབྲི་སྐབས་དང་ཀློག་པའི་སྐབས་སུ་མིག་དང་དཔེ་དེབ་དབར་གྱི་རྒྱང་ཐག་གི་ཕན་གནོད་ཀྱི་ཤེས་བྱ་དང་གོམས་གཤིས་བཟང་པོ་ལྷན་དུ་སྐྱེད་སྲིང་བྱེད་དགོས་པ་ལས་དེང་སང་རྒྱུགས་འབྲས་ཁོ་ནར་དམིགས་པའི་སློབ་གསོའི་འགག་སྒོ་ལས་བརྒལ་དགོས།

    གཉིས་པ། ཀུན་སྤྱོད་སློབ་གསོ།

    ཀུན་སྤྱོད་སློབ་གསོའི་དམིགས་ཚད་གཙོ་བོ་ནི་རང་བཞིན་དྲང་བའི་གོམས་གཤིས་ལ་འཇུག་པ་ཡིན་ཞིང་། དེ་ཡང་མི་ཞིག་ལ་ཤེས་བྱའི་སྦྱངས་ཚད་ངེས་ཅན་ཞིག་ཏུ་སླེབས་པ་ཙམ་གྱིས་ཁོ་བོའི་ཀུན་སྤྱོད་བཟང་བ་ཡོངས་སུ་མི་ཁྱབ། ཁ་རྒྱུན་དུ། རྟོག་པ་ལྷ་དང་མཉམ་ཡང་། སྤྱོད་པ་མི་དང་བསྟུན་དགོས་ཞེས་པའི་ཐོག་ནས་སྤྱོད་ལམ་ནི་གང་ཟག་ཅིག་གི་ལུས་ངག་ཡིད་གསུམ་མམ་དེ་གསུམ་གང་རུང་གི་རྣམ་འགྱུར་དང་བྱ་སྤྱོད་ལ་གོ་དགོས་པར་བརྟེན། ང་ཚོས་བྱ་བྱེད་ངན་པ་ལ་གོམས་པའི་སྐྱེ་བོ་ཀུན་དང་། ལད་ཟློས་རང་བཞིན་ལ་དགའ་བའི་བྱིས་པ་ཆུང་ཆུང་ཚོའི་ལྷན་སྐྱེས་ཀྱི་ཤེས་པ་ལ་སྦྱོང་བརྡར་ལེགས་པར་སྤྲས་ཏེ་ཁོང་ཚོ་ཆུང་དུས་ནས་སློབ་སྦྱོང་ལ་བརྩོན་པ་དང་། ངལ་རྩོལ་ལ་དགའ་བ། ཕ་མ་དང་དགེ་རྒན་ལ་བརྩེ་བ། ཁྱིམ་ཚང་དང་སློབ་གྲྭ་ལ་དུང་བ་སོགས་སྙིང་སྟོབས་ཆེ་ཞིང་། བྱམས་སེམས་ལྡན་པ། དམངས་ཕན་དྲང་བཞག་དང་། རིག་བཀྲ་གཤིས་བཟང་གི་མི་སྣར་འགྱུར་བ་བྱེད་དགོས།

    བརྩེ་དུང་དང་བྱམས་བརྩེ་མེད་ན་གྲུབ་འབྲས་ཡག་པོ་ཞིག་ཐོབ་མི་སྲིད། ཤེས་ཡོན་ཡོད་ནའང་བརྩེ་བ་མེད་པའི་དབང་གིས་ཤེས་ཡོན་བེད་སྤྱོད་བྱེད་པར་བཀག་རྒྱ་ཕོག་གི་ཡོད་པས་དེའི་ཕྱིར་ཀུན་སྤྱོད་སློབ་གསོ་ནི་སློབ་གསོ་ཡོངས་ཀྱི་མ་མ་ལྟ་བུ་སྟེ་སྔོན་འགྲོའི་ཆ་རྐྱེན་ཡིན་པར་རྟོགས་དགོས་པ་དང་། ཕ་མའམ་ཁྱིམ་ཚང་གི་སློབ་གསོ་ནི“སྤྱི་ཚོགས་དང་། སློབ་གྲྭ ཁྱིམ་ཚང”བཅས་གསུམ་གྱི་སློབ་གསོའི་རྨང་གཞི་ཡིན་པས་ན། དེ་ལ་གཟབ་ནན་བྱེད་ལུགས་དང་། ཐབས་ཤེས། བརྒྱུད་རིམ། གྲུབ་འབྲས་རྣམས་རེ་རེ་བཞིན་ངེས་དགོས།

    ཀུན་སྤྱོད་སློབ་གསོས་སློབ་མའི་སེམས་ཁམས་བདེ་ཐང་ཡོང་བར་བྱ་དགོས་པ་སྟེ།

    1. སློབ་མར་གཅར་རྡུང་དང་སྡིག་མོ་བྱེད་མི་རུང་།

    སློབ་མར་གཅར་རྡུང་དང་སྡིག་མོ་བྱས་ན་དེས་བྱ་བ་གང་ཞིག་སྒྲུབ་ནའང་སྐྱོན་ཆར་འགྱུར་བར་དོགས་ཏེ་སེམས་ཆུང་དུ་ཕྱིན་ནས་བྱ་བ་གང་ཞིག་བསྒྲུབ་པར་སེམས་ནད་ཀྱིས་ཟིན་སླ་ལ་དེ་ལས་ལྡོག་སྟེ་སློབ་མ་ཁག་གཅིག་ཁྲིམས་འགལ་གྱི་ལམ་དུ་འགྲོ་བ་དང་ཐ་ན་རང་སྲོག་ལྕེབས་པ་སོགས་་ཀྱི་གནས་ཚུལ་ཡང་ཐོན་སྲིད།

    2 . ཕ་མ་དང་དགེ་རྒན་གྱིས་སློབ་མར་རྫུན་བཤད་མི་རུང་།

    ཕ་མ་དང་དགེ་རྒན་གཉིས་ནི་སློབ་མའི་མི་ཚེ་གཅིག་གི་མདུན་ལམ་ལ་མཛུབ་སྟོན་བྱེད་མཁན་གྱི་འཁྲབ་ཁྲིད་པ་ཡིན་པས་བྱིས་པའི་ལད་ཟློས་རང་བཞིན་གྱིས་ཕ་མ་དང་དགེ་རྒན་གྱི་མ་དག་པའི་སྐྱོན་དེའང་བདེན་པར་བཟུང་ནས་གཞན་གྱི་བདེན་གཏམ་ལ་ཡིད་ཆེས་བྱེད་དཀའ་ཞིང་། ཕྱིས་སུ་དགེ་སྡིག་གི་དབྱེ་བ་དང་། བླང་དོར་གྱི་གནད་ལ་བློ་རྨོངས་པར་གྱུར་ནས་དྲང་ཕྱོགས་ཀྱི་ལམ་དུ་འཁྲིད་རྒྱུར་འགོག་རྐྱེན་ཆེན་པོ་འཕྲད་ཀྱི་ཡོད།

    3. སློབ་མར་ཕྱོགས་རིས་མེད་པར་ཤ་ཚ་དགོས་པ་ལས་ཧ་ཅང་གཅེས་པོ་བྱེད་མི་རུང་།

    བུ་ཕྲུག་ནི་ཕ་མ་གཉིས་པོའི་མིག་གི་འབྲས་བུ་དང་། སྙིང་གི་ཚི་ལུ། ཁོག་ནང་གི་ཟུངས་ཁྲག་བཅས་ལྟ་བུར་གྱུར་ཏེ་སྤྱི་ཚོགས་དང་དགེ་རྒན་གྱིས་བསྩལ་བའི་ཡ་རབས་ཀྱི་བསླབ་བྱ་རེ་ཟུང་ལ་ཁྱིམ་བདག་ལ་ལས་མི་འདོད་པའི་སྡང་མིག་བགྲད་བཞིན་ཡོད་ལ་དེ་ལྟར་གཅེས་པར་བསྐྱངས་ན། ཕྲུ་གུ་དེ་རིགས་ཕྱིས་སུ་ཞིམ་ཟ་ཞིམ་འཐུང་བྱེད་འདོད་ཀྱང་ལས་ཀ་མི་འདོད་པ་དང་། རང་ཉིད་སྐྱོན་གྱིས་འཚོས་ཀྱང་སྐྱོན་ཆ་གཅིག་ཀྱང་མེད་པར་རློམ་པའི་ཁྲིམས་མེད་ལུགས་མེད་ཅིག་ཏུ་འགྱུར་སྲིད་པས་འདི་དག་ལ་མཉམ་འཇོག་གི་བློས་དང་དུ་བླངས་ནས་ཡ་རབས་ཀུན་སྤྱོད་བཟང་བའི་ལམ་ལ་ཁྲིད་རྒྱུར་འབད་བརྩོན་བྱེད་དགོས། དཔེར་ན། དེང་སང་སློབ་གྲྭ་ཆུང་བ་མང་ཆེ་བར་སློབ་དཀྱིལ་ལམ་སློབ་མཇུག་དང་ཡང་ན་ཚོད་རྒྱུགས་གང་ཞིག་གི་རྒྱུགས་འབྲས་ཨང་རིམ་དམའ་ཤོས་ཡིན་པའི་སློབ་མ་དང་དེའི་ཁྱིམ་བདག་རྣམས་དགེ་རྒན་གྱིས་འཛིན་ཚོགས་སྐབས་སུ་ཡར་བསླངས་ཏེ་སྐྱོན་བརྗོད་དང་། དམའ་འབེབས། ཟུར་ཟའི་ཚིག་སྣ་ཚོགས་འཕེན་གྱི་ཡོད། གང་ལྟར་ཕུལ་བྱུང་གི་འཛིན་གྲྭ་གཅིག་གི་ནང་དུའང་རྒྱུགས་འབྲས་མཐོ་དམན་ལ་མི་བལྟོས་པའི་ཨང་རིམ་དམའ་ཤོས་ཤིག་ཡོང་རྒྱུ་ནི་གཏན་འཁེལ་ཡིན་སྟབས་སློབ་གསོའི་ཐབས་ཤེས་དེ་རིགས་ལ་ཁྱིམ་བདག་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱིས་དགའ་མགུ་ཡི་རང་ག་ལ་བྱེད།

    ཡང་ལེགས་ས་ཞིག་ནས་བརྗོད་ན། རེབ་གོང་མི་རིགས་སློབ་གླིང་གི་སློབ་ཐོན་སློབ་མས་སློབ་གྲྭའི་རྒྱལ་སྒོར་རང་རང་གི་བསམ་འདུན་མཚོན་པའི་དཀར་གཙང་མཇལ་དར་བསྒྲོན་པ་མ་ཟད། མ་ཡུམ་སློབ་གྲྭ་དང་། དགེ་བའི་བཤེས་གཉེན་རྣམས་ལ་གྱེས་ཕྱག་ཕུལ་ཏེ་ཁོང་རྣམ་པའི་བཀའ་དྲིན་ལ་ཐུགས་རྗེ་ལེགས་འབུལ་ཞུ་བའི་འདུན་པ་དེ་ཅིག་ཅར་དུ་མཚོན་པར་བྱས་འདུག་ལ། ད་དུང“ཁྱེད་ནི་ཤེས་བྱའི་རྒྱ་མཚོ་ཉིད། ཁྱེད་ནི་བརྩེ་བའི་མ་མ་ལགས། ཁྱེད་ནི་མཐུན་པའི་གྲོགས་ཀྱང་སྟེ། ཁྱེད་ཉིད་རྟག་ཏུ་རྒྱལ་གྱུར་ཅིག”ཅེས་པའི་བསྟོད་ཚིག་བཀོད་པའི་དར་ཆ་ཐ་མ་དེ་དགེ་རྒན་ཚོའི་ཕྱག་ལ་ཕུལ་འདུག་པས་གོང་གསལ་བྱེད་ལས་ཁག་སོ་སོས་ང་ཚོར་འདང་རྒྱག་བྱེད་པའི་དམིགས་འབེན་ཞིག་བསྐྲུན་ཡོད།

    གསུམ་པ། འཕྲོད་བསྟེན་དང་བདེ་འཇགས་ཀྱི་སློབ་གསོ།

    ཕྲུ་གུའི་རིག་པ་ཡར་རྒྱས་དང་། ཤེས་ཡོན་དང་ཀུན་སྤྱོད་ཀྱི་སློབ་གསོར་སྨན་པའི་བྱེད་སྒོ་ནི་གཙང་སྦྲ་འཕྲོད་བསྟེན་དང་། བདེ་འཇགས་ཡིན་ཞིང་། ཁོང་ཚོ་འཕྲོད་བསྟེན་དང་། རང་དབང་། བདེ་སྐྱིད། བྱམས་བརྩེ། བློ་གྲོས་བཅས་ལྡན་པའི་ངང་འཚར་ལོངས་ཡོང་རྒྱུར་ང་ཚོས་དོ་སྣང་བྱེད་དགོས།

    དགེ་རྒན་ཞིག་ལ་མཚོན་ན། རང་ཁྱིམ་ལ་ཕ་མ་ཞིག་ཡིན་པའི་ངོས་ནས་རང་གི་བུ་ཕྲུག་ལ་སློབ་གསོ་རྒྱག་མཁས་པོ་དགོས་པ་དང་། སློབ་གྲྭའི་ནང་རང་ཉིད་ནི་གཞན་ལ་དཀྲི་ཐབས་མེད་པའི་དགེ་བའི་བཤེས་གཉེན་ཞིག་ཡིན་སྟབས་གོ་མིང་དེ་ལ་དཔོག་པའི་འགན་སེམས་ཡོད་དགོས། ཕྱི་རོལ་ཡུལ་ག་གེ་མོ་ཞིག་ལ་ཕེབས་དུས་རང་ཉིད་ཀྱིས་སྤྱི་འབངས་ཤིག་གི་ངོས་ནས་་་སྤྱི་ཚོགས་ཀྱི་སློབ་གསོར་འབད་དགོས།

    དེ་ཡང་འཕྲོད་བསྟེན་ངོས་ནས་གླེང་ན་སློབ་མར་ཟས་སྐོམ་གྱི་རྒྱུན་ཤེས་དང་། རྒྱུན་མཐོང་གི་ནད་རིགས། འགོ་ནད། མྱུར་སྐྱོབ་ཤེས་བྱ་སོགས་མང་དག་ཅིག་སློབ་དགོས་ལ་ས་འགུལ་དང་། ཆུ་གློག འགྲིམ་འགྲུལ། མེ་སྐྱོན། མགོ་སྐོར་བཙན་འཁྲིད་སོགས་བདེ་འཇགས་དང་འབྲེལ་བའི་རྙོག་འཛིང་མང་པོ་ད་ལྟའི་ཆར་ལུ་གུ་བརྒྱུད་པ་ཇི་བཞིན་ཐོན་དང་ཐོན་མུས་ཡིན་པས། དེ་དག་ལ་རང་གཞན་ཀུན་གྱིས་རང་གི་ནུས་ཚོད་དང་འཇོན་ཚོད་ཀྱིས་ཐོག་མར་བཏང་སྙོམས་ལ་ཚད་མེད་པའི་བསམ་པའི་འདུ་ཤེས་ཐོག་ནས་སློབ་གསོ་རྒྱག་དགོས།

    དབྱིན་ཇིའི་མཚན་ཉིད་རིག་པ་མཁས་ཅན་རྭ་སེལ་ལགས་ཀྱིས“ལྷན་སྐྱེས་ཀྱི་ཤེས་པ་ཡོངས་སུ་རྒྱས་ཤིང་བྱམས་བརྩེ་ཡིས་འཇིག་རྟེན་ཀུན་ལ་ཁྱབ་པའི་མིའི་རིགས་ཀྱི་དཔལ་ཡོན་ཞིག་ལ་རོལ་བའི་བསྐལ་པ་ང་ཚོར་མི་ཐོབ་པའི་དབང་དུ་བཏང་ཡང་ང་ཚོའི་ཕྲུ་གུ་རྣམས་ལ་མཛེས་སྡུག་ལྡན་པའི་འཇིག་རྟེན་ཞིག་བསྐྲུན་པའི་ལམ་ཁ་ངེས་པར་དུ་སྟོན་དགོས”ཞེས་གསུངས་ཡོད། དེར་བརྟེན་འཇིག་རྟེན་གསར་པ་བསྐྲུན་ནུས་ཤིང་རང་གི་བསམ་པ་བསྒྲུབ་ཕོད་པའི་མི་རབས་ཤིག་གི་ཆེད་དུ་སློབ་གསོའི་རྨང་གཞི་བརྟན་ཞིང་ཚུགས་པར་གནས་དགོས་པར་སྤྱི་ཚོགས་དང་། སློབ་གྲྭ ཁྱིམ་ཚང་གི་ཕྱོགས་ཡོངས་ཀྱིས་ཕྱར་བ་གྲུ་འདེགས་དང་གཅིག་ལ་གཅིག་འབྲེལ་གྱིས་ལག་གདང་ལྷོད་པ་མེད་པར་སྦྲེལ་དགོས་སོ།།

                                                                                                         (ལྷོ་ཁ་ལྷུན་རྩེ་རྫོང་ཞོལ་གསར་ཤང་སློབ་གྲྭའི་དགེ་རྒན། སྐལ་བཟང་བག་གྲོ)

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།