མངལ་འཁོར་སྐབས་བཟའ་བཏུང་མང་དྲགས་ན་སྦྲུམ་མར་གནོད་འཚེ་ཆེ། དེ་ཡང་སྦྲུམ་སྐབས་ཀྱི་གཅིན་སྙི་ཟགས་ཁུའི་ནད་ཕོག་ཉེན་ཆེ་རུ་འགྲོ་ལ་མངལ་གནས་ཕྲུ་གུ་ཆེན་པོ(སྐྱེས་པའི་ཕྲུ་གུ་དམར་འབྱར་གྱི་ལྗིད་ཚད་སྤྱི་རྒྱ་4ལས་བརྒལ་བ)སྐྱེ་བའི་ཉེན་ཁའང་ཆེ་རུ་འགྲོ་སྲིད། དེས་མ་ཚད་ད་དུང་ཕྲུ་གུ་སྐྱེས་པ་ནར་སོན་རྗེས་ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙི་ཟགས་ཁུའི་ནད་སོགས་དལ་བའི་རང་བཞིན་གྱི་ནད་རིགས་ཕོག་པའི་ཉེན་ཁའང་ཆེ་རུ་འགྲོ་སྲིད། དེས་ན་སྦྲུམ་མར་འཚོ་བཅུད་ཚབས་ཆེན་མ་འདང་བའི་གནས་ཚུལ་ཡོད་ན་མ་གཏོགས་ཟས་རིགས་འབོར་ཆེན་བཟའ་མི་རུང་། འོ་ན་སྦྲུམ་མའི་འཚོ་བཅུད་དང་བདེ་ཐང་གཉིས་ལྡན་གྱི་བཟའ་བཏུང་ཐད་དོ་སྣང་གང་འདྲ་བྱེད་དགོས་སམ་ཞེ་ན།
བཟའ་བཏུང་སྙོམས་པོ།
སྦྲུམ་སྐབས་ཀྱི་འཚོ་བཅུད་རེ་བར་གཞིགས་ན། བཟའ་བཏུང་སྙོམས་པོ་བྱུང་ན་འཚོ་བཅུད་འགན་ལེན་ཡག་པོ་བྱེད་ཐུབ། ཞིབ་པར་བརྗོད་ན། སྦྲུམ་དུས་ཀྱི་ཟས་རིགས་ཁོངས་སུ་གཤམ་གསལ་རིགས་ཁག་ཚུད་དགོས་པ་སྟེ།
ཐཱན་ཆུ་འདྲེས་འགྱུར་རྫས། ཐཱན་ཆུ་འདྲེས་འགྱུར་རྫས་ནི་འབྲུ་རིགས་དང་། ལོ་ཏོག སྡོང་རྩའི་རིགས་ཀྱི་བཟའ་བཅའ། དེ་བཞིན་མངར་ཆའི་རིགས་བཅས་ལ་ལྡན་ཡོད། ཐཱན་འགྱུར་རྫས་ནི་མཁོ་སྤྲོད་ནུས་ཚད་ཀྱི་རྩ་བའི་འབྱུང་ཁུངས་ཤིག་རེད།
སྤྲི་དཀར་རྫས། སྤྲི་དཀར་རྫས་བསྡུས་པའི་ཟས་རིགས་ལ་སྤྱིར་ན། སྒོ་ངའི་རིགས་དང་། འོ་མའི་རིགས། ཉ་ཤའི་རིགས། ཤ་རིགས། སྲན་ཆེན་གྱི་རིགས་བཅས་ལྡན་ཡོད། སྤྲི་དཀར་ནི་མངལ་གནས་ཕྲུ་གུའི་སྐྱེ་འཚར་ལ་ངེས་པར་དུ་མཁོ་བ་མ་ཟད། གལ་འགངས་ཧ་ཅང་ཆེ་བ་ཞིག་ཀྱང་རེད།
ཚིལ་རིགས།
གཙོ་བོ་སྲོག་ཆགས་ཀྱི་ཚིལ་གྱི་གྲུབ་ཆ་དང་། ཤ་རིགས། དེ་བཞིན་སྐྱེ་དངོས་ཀྱི་ས་བོན་བཅས་ལས་བྱུང་ཞིང་། ཚིལ་རིགས་ནི་མིའི་གཟུགས་པོར་མཁོ་བའི་གལ་ཆེའི་འཚོ་བཅུད་གཞི་རྒྱུ་ཞིག་ཡིན་ལ་ཀླད་པ་དང་དབང་རྩའི་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད།
སྐྱེ་མེད་ཚྭ་དང་འཚོ་བཅུད། གཙོ་བོ་བཟའ་བཅའ་ནས་ཁ་གསབ་བྱས་པ་སྟེ། ལོ་ཏོག་གི་རིགས་དང་། འོ་མའི་རིགས། ཤིང་ཏོག སྔོ་ཚལ། རྒྱ་མཚོའི་ཐོན་དངོས་སོགས་ལ་སྤྱིར་ཕུན་སུམ་ཚོཌ་པའི་གཏེར་རྫས་དང་། འཚོ་བཅུད། སྐྱེ་མེད་ཚྭ་སོགས་ལྡན་ལ་དམིགས་བསལ་གྱི་བྱེད་ནུས་ཀྱང་ལྡན་ཡོད། དེ་ནི་མངལ་འཁོར་རིང་མེད་དུ་མི་རུང་བའི་འཚོ་བཅུད་གྲུབ་ཆ་ཞིག་རེད།