ཉེ་ཆར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས《ཐང་ཆེན་ཞབས་བྲོའི་ལུས་སྦྱོང་བྱེད་སྒོ་སྔར་བས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)ཡོངས་བསྒྲགས་བྱས་ནས་བརྡ་ཐོའི་དགོངས་དོན་གཞིར་བཟུང་ཐང་ཆེན་ཞབས་བྲོ་རྒྱག་ས་མང་དུ་གཏོང་བ་དང་། ཐང་ཆེན་ཞབས་བྲོའི་ལུས་སྦྱོང་བྱེད་སྒོ་ཚད་ལྡན་དུ་གཏོང་བ། ཐང་ཆེན་ཞབས་བྲོའི་ལུས་སྦྱོང་བྱེད་སྒོའི་སྒྲིག་འཛུགས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཐང་ཆེན་ཞབས་བྲོའི་ལུས་སྦྱོང་བྱེད་སྒོའི་སྡེ་ཚན་མཉམ་འགུལ་སོགས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་ལ་བརྟེན་ནས་ས་གནས་ཁག་གི་ཐང་ཆེན་ཞབས་བྲོའི་བྱེད་སྒོ་ཚད་ལྡན་ཡོང་བར་ཁྲིད་སྟོན་བྱས་ཏེ་ཐང་ཆེན་ཞབས་བྲོའི་བྱེད་སྒོའི་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
ཉེ་བའི་ལོ་ཤས་རིང་། སྤྱི་ཚོགས་ཟམ་མི་ཆད་པར་ཡར་ཐོན་དང་འཕེལ་རྒྱས་ཕྱིན་པ་དང་སྦྲགས་མི་རྣམས་ཀྱི་བདེ་ཐང་གི་དགོས་མཁོ་ཉིན་བཞིན་ཆེ་རུ་སོང་ནས་མི་དེ་བས་མང་བ་མང་ཚོགས་རང་བཞིན་ལུས་སྦྱོང་སྣ་ཚོགས་ལ་ཞུགས་ཀྱི་ཡོད་པ་ལས། ཐང་ཆེན་ཞབས་བྲོ་རྒྱ་ཆེའི་མང་ཚོགས་ཀྱི་ལྟ་འདོད་ཞིང་ཉན་སྤྲོ་བ་དང་སྟབས་བདེ་ལ་ཕན་པ་ཆེ་བའི་ལུས་སྦྱོང་བྱེད་སྟངས་ཤིག་ཡིན་པས་དམངས་ཡོངས་ལུས་སྦྱོང་བྱེད་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།
ཐང་ཆེན་ཞབས་བྲོའི་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་ཡོད་པ་དང་འཕེལ་རྒྱས་འགྲོ་ཕྱོགས་དགའ་འོས་པ་ཞིག་ཡོད། འོན་ཀྱང་དེར་ཞུགས་མཁན་རེ་ཟུང་གིས་ལུས་རྩལ་བྱེད་སྒོའི་རྣམ་གྲངས་གཞན་དག་དང་ས་ཆ་ཧབ་ཐོབ་རྒྱག་པ་དང་འགྲིམ་འགྲུལ་འགྲོ་ལམ་བཟུང་བའི་ཐལ་དྲགས་པའི་གྱོད་དཔེ་ཐོན་ནས་དྲ་ཐོག་ཏུ་གླེང་མང་བར་གྱུར་ཡོད་པས་ཐང་ཆེན་ཞབས་བྲོའི་ལུས་སྦྱོང་བྱེད་སྒོའི་འཕེལ་རྒྱས་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད།
ད་ཐེངས《བརྡ་ཐོ》ཡོངས་བསྒྲགས་བྱེད་དོན་ནི་མིག་སྔར་འཕྲད་པའི་ཞིབ་ཕྲའི་གནད་དོན་ལ་དམིགས་ཡོད་པས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་གཙོ་བོར་བཟུང་ནས་རིམ་ཁག་ལུས་རྩལ་སྡེ་ཚན་གྱིས་རང་འགུལ་ངང་བྱས་རྗེས་འཇོག་ཕོད་པ་དང་འགན་ནུས་འདོན་སྤེལ་ལ་སྐུལ་མ་བཏང་ནས་ཐང་ཆེན་ཞབས་བྲོའི་ལུས་སྦྱོང་བྱེད་སྒོར་འགན་ལེན་དང་རྒྱབ་སྐྱོར་བྱས་ཏེ་ཞབས་འདེགས་ཞུ་ཤུགས་ཆེ་རུ་བཏང་ནས་འཕེལ་རྒྱས་ཡག་པོ་འགྲོ་རྒྱུར་ཁྲིད་སྟོན་བྱ་རྒྱུ་ཡིན་པ་རེད།
ཐང་ཆེན་ཞབས་བྲོའི་ལུས་སྦྱོང་བྱེད་སྒོ་སྤེལ་རིང་ཐོན་པའི་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་པར་བརྒྱུད་རིམ་ངེས་ཅན་ཞིག་དགོས་པ་མ་ཟད། འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་ཀྱང་ཕན་ཚུན་གཞོགས་འདེགས་དང་མཉམ་ལས་བྱེད་དགོས། རིམ་ཁག་སྡེ་ཚན་གྱིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ལས་དོན་དངོས་སྒྲུབ་སྐབས་ཁྲིད་སྟོན་ལ་མཐོང་ཆེན་བྱས་ཏེ་ཐང་ཆེན་ཞབས་བྲོ་ཚན་རིག་ཅན་དང་། ཚད་ལྡན་ཅན། མ་ལག་ཅན་བཅས་སུ་འཕེལ་རྒྱས་གཏོང་བ་དང་དུས་མཚུངས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཐང་ཆེན་ཞབས་བྲོར་དགའ་པོ་ཡོད་མཁན་ཚོས་རང་གཅུན་གྱི་སྤྱི་ཆིངས་བཟོས་ཏེ་རང་ངོས་དོ་དམ་ལ་སྐུལ་འདེད་བཏང་ནས་ཐང་ཆེན་ཞབས་བྲོའི“དར་སྲོལ་གསར་པ”ཆགས་པར་བྱེད་དགོས། (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་པའི་གློག་འཕྲིན)