དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སློབ་ཁྲིད་དཔྱད་བརྗོད་ཀྱི་སྐོར་ལ་ཅུང་ཟད་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-11-10

    སློབ་ཁྲིད་སྒྱུར་བཅོས་ཀྱི་ཚ་རླབས་འཕྱུར་བའི་ལོ་ཟླའི་འཁོར་འགྲོས་རིང་། སློབ་ཁྲིད་སྒྱུར་བཅོས་ཀྱི་བླང་བྱ་དང་མཐུན་པའི་རྣམ་གྲངས་འདྲ་མིན་སྣ་ཚོགས་དོན་ལ་འཁྱོལ་ཕྱིར་དམིགས་སུ་བཀར་བའི་དུས་ཚོད་གཏན་འཁེལ་དང་། བྱེད་ཐབས་འདྲ་མིན་སྣ་ཚོགས་ཀྱི་བྱེད་སྒོའི་ཚ་རླབས་འཕྱུར་བཞིན་ཡོད། དེ་ཡང《བོད་ཀྱི་རིག་གནས་གོང་འཕེལ་དང་སློབ་གསོའི་རྣམ་བཤད་ཅེས་བྱ་བ་བཞུགས་སོ》ཞེས་པ་ལས་ལོ་རྒྱུས་ཀྱི་རྐྱེན་གྱིས། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་དབར་ཧེ་བག་ཆེན་པོ་འདུག་པ་དེས་སློབ་གསོར་དཀའ་ཁག་ཆེན་པོ་ཞིག་བཟོས་ཡོད་ཅེས་གསུངས་པ་ནི་ད་བར་ང་ཚོའི་སློབ་ཁྲིད་བྱ་བའི་བརྒྱུད་རིམ་ནང་ལྷག་པའི་འགལ་བ་ལྟག་སྤྲོད་ཀྱི་ཚུལ་དུ་གནས་པ་ལ་ནད་ཐོག་སྙུང་བུའི་ལེགས་བཤད་ལྟ་བུ་ཡིན། འོན་ཏེ་བློ་ནང་ལ་བཀུགས་ནས་བསམ་གཞིག་ཞིབ་མོ་རེ་བྱས་ན། འགལ་སྐྱོན་གྱིས་སླད་པའམ་ཡང་ན་དཀའ་བ་འབྲས་མེད་ཀྱི་ཚུལ་ལ་གཞོལ་བའི་བྱེད་སྒོ་རེ་གཉིས་ཁོ་བོའི་མིག་ལམ་དུ་འཆར་བྱུང་། དེ་ཡང་སློབ་ཁྲིད་ཀྱི་བྱེད་སྒོའི་རྣམ་གྲངས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་སློབ་ཁྲིད་སྒྱུར་བཅོས་ཀྱི་བྱེད་སྒོའི་ཁྲོད་སློབ་ཁྲིད་པ་ཕན་ཚུན་སློབ་ཁྲིད་ཀྱི་བསམ་བློ་དང་། སྒྱུ་རྩལ་རང་བཞིན་སྣ་ཚོགས་ལ་དཔྱད་བསྡུར་གྱིས་ཕན་ཚུན་ཡར་རྒྱས་ཀྱི་གོམ་ཁ་ཆེན་པོ་ཞིག་སྤོ་ཐུབ་པའི་དམིགས་པ་བཅངས་པ་དེ་རང་ལགས།

    དམིགས་པ་འདི་ཉིད་འགྲུབ་པ་ལ་ཁ་འབྲལ་ཐབས་མེད་པའི་ཉེར་ལེན་གྱི་རྒྱུ་ནི་ཕན་ཚུན་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ལ་གསན་ཞིབ་བྱེད་རྒྱུ་དེར་ཐུག་ཡོད། ཐབས་དམ་པ་འདི་ནི་རེ་བའི་དམིགས་པ་འགྲུབ་ཕྱིར་ཆེས་ཐད་ཀར་དང་། ཆེས་མྱུར་ཤོས། ཆེས་ཕན་འབྲས་ཆེ་ཤོས་སུ་སྣང་བ་མྱོང་བ་མངོན་སུམ་གྱིས་གྲུབ་པ་ལགས། དེ་ལྟར་ན་ཡང་དོན་དངོས་ཀྱི་སློབ་དུས་རེ་རེ་བཞིན་དང་། སློབ་ལོ་རེ་རེ་བཞིན་འདས་ཤིང་སློབ་ཁྲིད་པ་སོ་སོའི་སློབ་ཁྲིད་ཉན་རེས་བྱས་པའི་གྲངས་ཚད་ཀྱང་ཤིན་ཏུ་མང་དུ་འགྲོ་བཞིན་ཡོད། དེས་ན་ཁོ་བོས་རང་ཉིད་སློབ་ཁྲིད་ཀྱི་སྟེགས་བུར་ལོ་མང་བསྡད་པ་དང་། མངོན་སུམ་གྱི་མྱོང་བ་ཇི་ཡོད་ལ་གཞིགས་ནས་དེའི་སྐོར་གྱི་བསམ་ཚུལ་རེ་གཉིས་ལྷུག་པོར་བརྗོད་པར་འདོད། 

    གཅིག རྣམ་དཔྱོད་ཀྱི་རྩལ་ལ་ཀུན་སློང་བཟང་པོས་མཐའ་རྒྱན་དགོས།

    རྣམ་དཔྱོད་སྐྱེད་བྱེད་དོགས་པ་ཡིན། དོགས་པའི་དཔྱང་ཐག་ཆོད་ན་རྣམ་རིག་ཇེ་ལེགས་སུ་འགྲོ། དེས་ཀྱང་མི་ཆོག་སློབ་མ་ལ་རང་གི་བུ་ཕྲུག་ལྟ་བུའི་འདུ་ཤེས་དང་། མཆེད་གྲོགས་ཕན་ཚུན་ནམ་ཡང་འཛུམ་གྱིས་བསུ་བའི་དམ་བཅའ་བརྟན་པོ་ཞིག་ཀྱང་དགོས། དེ་ལྟ་བུའི་སྔོན་འགྲོའི་ཆ་རྐྱེན་འཛོམས་ནས་སློབ་ཁྲིད་ཀྱི་ལས་ལ་བཞུགས་ན་རང་གཞན་གཉིས་ཀྱི་དགེ་བའི་རྩ་བ་ཇི་སྙེད་འབུར་དུ་ཐོན་ཡོང་། སློབ་ཁྲིད་གསན་པ་པོ་དག་ལ་མཚོན་ན། ཡིད་དང་བས་ཀུན་ནས་བསླངས་ཤིང་རང་སྐྱོན་ཡོངས་སུ་འདོར་བ་དང་གཞན་དགེ་གཙང་མར་ལེན་འདོད་པའི་བློ་དྲང་མོ་ཞིག་བྱུང་ན། ད་གཟོད་གཞི་ནས་གཞན་གྱི་སློབ་ཁྲིད་ཚུལ་ཇི་ལྟ་བུའི་སྒོ་ནས་ཡིན་ཚུལ་ལ་མིག་གིས་བལྟས། རྣ་བས་ཉན། ཞིབ་མོའི་སེམས་ཀྱིས་སྒྲོ་འདོགས་བཅད་ན་རང་གི་བློ་སྐྱེད་ལ་ཕན་པ་མི་དམན་པ་ཞིག་འོང་། དེར་བརྟེན་གཞན་གྱིས་བཞག་པའི་སློབ་ཁྲིད་ཀྱི་དཔྱད་བརྗོད་ལ་སློབ་ཁྲིད་པ་དག་གི་ང་རྒྱལ་གྱི་འདོད་བློ་ཁེངས་དཀའ་བའི་ཅོལ་ཆུང་གི་བསམ་བློ་ཡོངས་སུ་དོར་དགོས་ལ། སྐྱོན་དང་འཁྲུལ་བ་ཇི་ཡོད་དེ་བས་ཀྱང་དོར་ནས་རང་གཞན་ཀུན་ལ་བློ་སྐྱེད་དགོས་པར་བསམ། ལེགས་བཤད་བྱིས་པ་དག་ལས་ཀྱང་ལེན(ས་པཎ་གྱིས)པའི་ངང་ཚུལ་ལ་མ་གཞོལ་བས་རང་ཉིད་ཇེ་རྨོངས་ཇེ་སྡུག་གི་མྱ་ངམ་ཐང་དུ་འོ་བརྒྱལ་ཇེ་ཆེར་འགྲོ། རྒུད་པའི་རྩ་བ་རྨོངས་པ་ཡིན་པས་དེ་ཉིད་བསལ་བྱེད་ཤེས་བརྩོན་ཡིན། ཤེས་བརྩོན་ཟུང་དུ་འབྲེལ་བས་དགེ་བའི་ཡོན་ཏན་གྱི་ཕུང་པོ་སླར་ནས་སླར་འཕེལ་ཅིང་ཀུན་སློང་བཟང་པོའི་འཛུམ་ཟེར་རིམ་གྱིས་བཀྱེས་འོང་། དཔའ་རིས་སངས་རྒྱས་ཀྱི《དག་ཡིག་རིག་པའི་གབ་པ་མངོན་ཕྱུང》ལས། རིག་པ་སྐྱེད་བྱེད་དོགས་པ་ཡིན། དོགས་པ་གཅོད་བྱེད་དཔྱད་པ་ཡིན། དཔྱད་པ་གཏིང་མཐའ་ཆོད་པ་ན། རྨོངས་མུན་འཇོམས་པའི་ཉིན་བྱེད་འཆར་ཅེས་གསུངས་པ་ལྟར། དགེ་རྒན་ཚང་མས་སློབ་དཔྱོད་ལས་ཀའི་བྱ་ཐབས་གཙོ་བོར་གྱུར་པ། རང་གཞན་གྱི་དབར་སློབ་ཁྲིད་ཀྱི་དགེ་སྣོན་སྐྱོན་སྤངས་ཀྱི་དམིགས་ཡུལ་འདི་ངེས་པར་དོན་དུ་སྨིན་དགོས་ན་རང་གཞན་གྱི་དགེ་སྐྱོན་ཇི་སྙེད་དཔྱད་པ་གསུམ་གྱིས་བརྡར་ཤ་ཡང་ཡང་བཅད་ན་ད་གཟོད་དགེ་སྐྱོན་ལེགས་པར་ངོས་ཟིན་ཐུབ་ཅིང་། ཀུན་སློང་བཟང་པོས་མཐའ་རྒྱན་པའི་ཞི་འཇམ་ངག་གི་སྦྱོར་བས་བསྐྱངས་ན་ཉན་པ་པོ་རྣམས་ཀྱིས་ཀྱང་དགའ་འགུ་ཡི་རངས་ཡོང་སྲིད།

    གཉིས། ངག་གི་སྦྱོར་བའི་སྒྱུ་རྩལ་རང་བཞིན་ལ་བྱང་དགོས།

    ངག་སྦྱོར་ནི་བསམ་པའི་མཚོན་བྱེད་ཉག་ཅིག་ཡིན། བརྗོད་པར་བྱ་བའི་སེམས་ཀྱི་རྟོགས་པ་དེ་ཡང་གཙོ་བོ་རང་གི་སྐད་ཀྱི་ཐོག་ནས་འདང་རྒྱག་པ་ཡིན་པས། གཞན་གྱི་སློབ་ཁྲིད་ལ་གདེང་འཇོག་བྱེད་སྐབས་ངེས་པར་རང་གི་སྐད་དམ་ཡང་ན་ཅུང་བྱང་ཆ་ཆེ་བའི་སྐད་བརྡར་བརྟེན་ན་རང་གི་བསམ་བློ་ལེགས་པར་མཚོན་ཐུབ་ཅིང་། ཉན་མཁན་གྱིས་ཉན་ན་གོ་བདེ་བ་དང་བལྟས་ན་དོན་གསལ་བ་ཞིག་ཡོང་ཐུབ། དཔེར་ན་བོད་ཀྱི་སྐད་ཡིག་སློབ་ཁྲིད་པ་ཞིག་ལ་ཁོ་བོས་བལྟས་ན་ཁྱེད་ཀྱིས་སློབ་མར་སེམས་པ་དཀར་བའི་རྒྱུན་དེ་སློབ་ཁྲིད་ཀྱི་འགོ་མཇུག་བར་གསུམ་དུ་བཞུར་འདུག་ཅེས་པ་རྒྱའི་སྐད་ཡིག་གི་དགེ་རྒན་ཞིག་ལ་以我看来,您对学生的一颗白心始终贯穿了整个课堂ཞེས་བརྗོད་ན་མ་རྟོགས་པ་དང་། ལོག་པར་རྟོགས་པ། ཐེ་ཚོམ་སོགས་ཀྱི་རྒྱུ་རུ་འགྲོ་བ་ལས་བརྗོད་པོའི་བསམ་པ་ཚུལ་བཞིན་མཚོན་མི་ཐུབ་པས་ཕ་རོལ་པོར་དགོས་མེད་ཀྱི་བསམ་པའི་རྙོག་དྲའང་བཟོ་སྲིད། ཡང་གཅིག་བརྗོད་ན། བོད་སྐད་ཡིག་ཁྲིད་པ་པོ་ཞིག་ལ་གཏམ་གླེང་གི་ཞར་ཞོར་དུ་མགོ་བོ་ལྕོག་ལྕོག་མི་ཉུང་བ་ཞིག་བྱས་ན་དེ་དོན་ཚུལ་བཞིན་ཉན་པ་པོས་ཀྱང་གོ་བ་ལེན་ཐུབ་མོད། ཝ་རིགས(佤族)ཀྱི་དགེ་རྒན་ཞིག་ལ་དེ་ལྟར་བྱས་ན་རྦད་དེ་གོ་བ་ལོག་སྒྲུབ་ཏུ་འགྲོ་བས་ཕན་མེད་དུ་འགྲོ་བར་མ་ཟད། ཐ་ན་དགེ་རྒན་ཕན་ཚུན་དགོས་མེད་ཀྱི་འགལ་ཟླ་ལྟ་བུ་ཡང་ཡོང་སྲིད་པས་འདི་འདྲའི་ཤེས་བྱ་ཆུང་ཙག་ལའང་སྣང་ཆུང་མ་བྱས་པར་ཁོང་དུ་ཆུད་དགོས་རྒྱུ་ནི་དགེ་རྒན་ཞིག་ལ་འཛོམས་དགོས་པའི་ཆ་རྐྱེན་ཡིན་ནོ།

    གསུམ། དགེ་རྒན་དབར་དུས་རྒྱུན་ནས་ཤ་ཁྲག་འདྲེས་པ་ལྟ་བུའི་བརྩེ་བ་ཟབ་མོ་ཆགས་རྒྱུར་འབད་དགོས།

    ཤ་ཚའི་ཁ་ན་གཏམ་སྙན་མེད་ཅེས་པའི་གཏམ་དཔེ་ལྟར། ལེགས་བཤད་དགྲ་བོའི་ངག་ནས་ཀྱང་ལེན་པའི་བློ་སྤོབས་ཤིག་ད་ལྟའི་གནས་སྐབས་ཀྱི་རང་གཞན་ཀུན་ལ་དཀོན་པས་རྒྱུ་སྔོན་སོང་གཞན་ལ་ཁ་ཕན་ཚིག་ཕན་ཙམ་ནས་འགོ་བརྩམས་ཏེ་རང་གི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཡོད་དོ་ཅོག་ཕ་རོལ་པོའི་ཡིད་ངོར་འོང་བ་ཞིག་དང་། ཕལ་ཆེར་དགའ་མགུ་ཡི་རངས་བྱེད་ཡུལ་ཞིག་ཏུ་འགྱུར་ཐུབ་པ་བྱུང་ན། རང་གིས་གདེང་འཇོག་གི་ཚུལ་དུ་སྨྲས་པའི་དགེ་བའི་གཏམ་ཇི་སྙེད་དག་ཀྱང་གཞན་གྱིས་དགའ་ཞིང་སྤྲོ་བའི་ངང་ནས་དང་དུ་ལེན་པ་ཡིན་ཞིང་། དེ་ལས་ལྡོག་ན་ལྷག་བསམ་བཟང་པོས་ཇི་ལྟར་བསྐུལ་ཞིང་དགེ་ཕན་གྱི་གཏམ་ཇི་ཙམ་སྨྲས་ཀྱང་མདའ་རྒྱས་རི་བོང་གཅིག་གི་རྗེས་སུ་འགྲོ་བ་ཡིན་ནོ། 

    དགེ་རྒན་ཞིག་ལ་རྣམ་དཔྱོད་ཀྱི་ཀུན་སློང་བཟང་པོ་དང་། ངག་གི་སྒྱུ་རྩལ་ལ་དབང་འབྱོར་བ། མི་གཤིས་བཟང་བས་ཀུན་གྱིས་ཡིད་ཆེས་དང་བློས་ཐུབ་པ་བྱུང་བ་གཞིར་བཅས་དེའི་སྟེང་དུ་རིག་པའི་གནས་སྤྱི་དང་ཡང་སྒོས་སློབ་གསོ་རིག་པ་དང་། སེམས་ཁམས་རིག་པ་སོགས་ལ་དེ་བས་འཕྱུགས་པ་མེད་པ་ཞིག་བྱུང་ན་དམིགས་དོན་སློབ་ཁྲིད་ཉན་རེས་དང་དཔྱད་པ་གཏོང་རེས་སོགས་ཀྱིས་དགེ་རྒན་ཁྲོད་ཕན་ཚུན་བྱང་ཚད་མཐོར་འདེགས་དང་། སློབ་མར་ཁ་ཚ་དགོས་གཏུགས་ཀྱི་ཕན་འདོགས་ཐུབ། །

    (རྒྱལ་རྩེ་རྫོང་ལྕང་ར་ཤང་ཆ་ཚང་སློབ་ཆུང་གི་བཀྲ་ཤིས་གཡང་འཛོམས)

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།