དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • 《བོད་ཀྱི་གནམ་རིག་སྐར་རྩིས་ཀྱི་གྲངས་གཞིའི་བང་མཛོད》ལོ་འདིའི་ནང་དཔེ་སྐྲུན་འགྲེམས་སྤེལ་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2017-10-11

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱུང་གསལ། བམ་པོ་20ཡོད་པའི《བོད་ཀྱི་གནམ་རིག་སྐར་རྩིས་ཀྱི་གྲངས་གཞིའི་བང་མཛོད》དཔེ་སྐྲུན་འགྲེམས་སྤེལ་གྱི་འོས་སྐུལ་ལས་དོན་ལེགས་གྲུབ་ཟིན་པ་དང་དེབ་དེ་ལོ་འདིའི་ནང་དངོས་སུ་པར་སྐྲུན་བྱ་རྒྱུ་ཡིན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། 《བོད་ཀྱི་གནམ་རིག་སྐར་རྩིས་ཀྱི་གྲངས་གཞིའི་བང་མཛོད》ནང་སྤྱི་ལོ་806ནས་སྤྱི་ལོ་2300བར་གྱི་ཕུག་ལུགས་དང་། བྱེད་རྩིས། མཚུར་ལུགས། དགེ་ལྡན་རྩིས་གསར་བཅས་ཀྱི་རྩིས་ཀྱི་ལྔ་བསྡུས་དང་གཟའ་ལྔའི་གཞི་རྩའི་གྲངས་གཞི་འཁོད་ཡོད་པ་དང་གྲངས་གཞི་དེ་དག་ནི་ལོ་ཐོ་སྒྲིག་པ་དང་། བཤོལ་ཟླ་འདོན་པ་དང་དུས་ཚིགས་ཉེར་བཞི་བརྩི་བ། ཉི་ཟླ་གཟའ་འཛིན་གྱི་རྩིས་འབྲས་འདོན་པའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན་པ་རེད།

    2006ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་འཚོལ་བསྡུ་དང་། མྱུར་སྐྱོབ། ལེགས་སྒྲིག་བཅས་ཀྱི་ལས་ཀ་སྒྲུབ་འགོ་ཚུགས་པ་དང་། ལོ་11རིང་སྔ་རྗེས་སུ་བོད་ཀྱི་གསོ་བ་རིག་པའི་དཔེ་རྙིང་རྩ་ཆེན་བམ་པོ་700ལྷག་ཙམ་དང་། གནམ་རིག་སྐར་རྩིས་ཀྱི་དཔེ་རྙིང་བམ་པོ་300ལྷག་ཙམ་འཚོལ་བསྡུ་ཐུབ་པ་ལས་བམ་པོ་130པར་སྐྲུན་འགྲེམས་སྤེལ་བྱས་ཟིན་ནས《གངས་ལྗོངས་སྨན་རྩིས་རིག་མཛོད་ཆེ་མོ》ཡི་ནང་བསྡུས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།