དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ​ ཚན་རྩལ་གསར་གཏོད་ལ་བརྟེན་ནས་བོད་ཀྱི་མང་ཚོགས་ཀྱི་ཟ་འབྲུའི་བདེ་འཇགས་འགན་ལེན་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2017-10-10

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་10ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ས་བོན་གསར་སྒྱུར་རབས་བརྗེ་ཐེངས་གསུམ་པ་བྱས་རྗེས་2016ལོར་བོད་ནས་ཐོན་ཚད་ཏུན་ཁྲི་75ཙམ་ཟིན་པ་ནི་1960ལོའི་ནས་ཐོན་ཚད་བསྡོམས་འབོར་གྱི་ལྡབ་6ཙམ་རེད། དེ་ནི་གསར་འགོད་པར་ཚེས་8ཉིན་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ནས་ཤེས་རྟོགས་བྱུང་བ་ཞིག་རེད།

    “སོན་བཟང་ནི་ཞིང་འབྲོག་ལས་ཐོན་སྐྱེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚན་རྩལ་གྱི་གཞི་རྟེན་གལ་ཆེན་ཞིག་ཡིན་ལ་འབྲུ་རིགས་ཐོན་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ནུས་གལ་ཆེན་ཞིག་ཀྱང་ཡིན”བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཡོའན་ཀྲང་ཉི་མ་བཀྲ་ཤིས་ཀྱིས“ནས་ནི་བོད་ཀྱི་འབྲུ་རིགས་སྐྱེ་དངོས་གཙོ་བོ་ཞིག་ཡིན། སོན་བཟང་འདེམས་འདེབས་དང་སོན་གསར་གཞི་རྒྱ་ཆེན་པོས་ཁྱབ་གདལ་བེད་སྤྱོད་བྱས་པ་ལས་བོད་ཀྱི་ནས་ཀྱི་ཐོན་ཚད་མཐོ་རུ་དང་ནས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་ཐད་གལ་འགངས་ཆེ་བའི་ནུས་པ་ཆེན་པོ་ཞིག་ཐོན་ཡོད་ལ་བོད་ཀྱི་ཟ་འབྲུའི་བདེ་འཇགས་འགན་ལེན་ཡང་བྱུང་ཡོད”ཅེས་བཤད་པ་རེད།

    1951ལོར་རྒྱལ་ཁབ་ཀྱིས་ཞིང་ལས་རིགས་གཅིག་མཁས་ཅན་ཚོགས་ཆུང་དམག་དཔུང་དང་མཉམ་དུ་བོད་ལ་ཞིང་ལས་ཚན་རིག་རྟོག་ཞིབ་ལས་དོན་སྤེལ་བར་བཏང་ཞིང་། ཁོང་ཚོས་ས་གནས་དེ་གའི་ནས་སོན་གསལ་འབྱེད་དང་ལེགས་འདེམས་བྱས་ནས་བོད་ཀྱི་ནས་སོན་གསར་སྒྱུར་རབས་བརྗེ་ཐེངས་དང་པོ་བྱས་ཡོད། བོད་རང་སྐྱོང་ལྗོངས་བཙུགས་རྗེས་ཚན་ཞིབ་མི་སྣས་ནས་ཀྱི་སོན་བཟང་རྒྱུན་ཆད་མེད་པར་འདེམས་འདེབས་བྱས་ཤིང་། སྔ་རྗེས་སུ་ནས་སོན་གསར་སྒྱུར་རབས་བརྗེ་ཐེངས་གཉིས་བྱུང་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ནས་སོན་གསར་འགྱུར་རབས་བརྗེ་བྱ་རིམ་བཞིན་ནས་མུའུ་རེའི་ཐོན་ཚད་15%ཡན་འཕར་ཞིང་། ཚན་ཞིབ་མི་སྣས་བོད་ནས་ཨང་2000དང་ཧི་མ་ལ་ཡ་ཨང་22སོགས་ཐོན་མཐོའི་ནས་སོན་གསར་པ་འདེམས་འདེབས་བྱས་པ་དང་འབྲེལ་གཞི་རྒྱ་ཆེན་པོས་ཁྱབ་གདལ་བེད་སྤྱོད་ཀྱང་བྱས་པ་བརྒྱུད་བོད་ཀྱི་ནས་ལ་གཞི་རྒྱ་ཆེ་བའི་སོན་བཟང་གསར་སྒྱུར་རབས་བརྗེ་ཐེངས་གསུམ་པ་བྱུང་ནས་2016ལོར་བོད་ཀྱི་ནས་ཐོན་ཚད་ཏུན་ཁྲི་75ཙམ་ཟིན་ཡོད་པ་རེད།

    “ནས་ལས་སྣོན་ཐོན་ལས་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་བྱུང་བ་དང་ཆབས་ཅིག་ཐོན་མཐོ་སྤུས་ལེགས་ཀྱི་ས་བོན་ཐད་རེ་བ་མཐོ་པོ་སྔར་བས་མང་པོ་ཞིག་ཀྱང་བཏོན་ཡོད”ཉི་མ་བཀྲ་ཤིས་ཀྱིས“བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་རྒྱལ་ནང་གི་ཚན་ཞིབ་ཚན་པ་དང་། སློབ་གླིང་དང་སློབ་ཆེན། དེ་བཞིན་ཁེ་ལས་བཅས་20ལྷག་ཙམ་དང་མཉམ་དུ་ནས་ལས་སྣོན་ཞིབ་མོའི་ཐོན་རྫས་40ལྷག་ཙམ་གསར་སྤེལ་བྱས་ཏེ་ནས་ཐོན་ལས་ཅན་དུ་འགྱུར་རྒྱུར་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱས་དང་བྱེད་མུས་ཡིན”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།