མེས་པོའི་ཕྱག་རྒྱུན་སྤེལ། ཤེས་བྱའི་བདུད་རྩི་སྦྱིན།
ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་མས་ཡིག་གཟུགས་སློབ་ཚན་འཚོག་སྐབས་ཡིག་གཟུགས་སྦྱོང་བཞིན་པ།
ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་མའི་ཡིག་གཟུགས་བརྩམས་ཆོས།
ལྷ་ལྡན་གྲོང་དུ་རྟག་ཏུ་སྣག་སྨྱུག་སོགས་དང་འབྲེལ་འདྲིས་བྱེད་པའི་ཡིག་མཁན་ཚོས་ཡིག་གཟུགས་ལ་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཁོང་ཚོས་ཡིག་གཟུགས་སྦྱོང་བ་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་སྲོག་རྩ་རྒྱུན་འཛིན་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཐུབ་པ། བོད་དང་རྒྱལ་ཡོངས་ཀྱི་ས་གནས་ཁག་ཕན་ཚུན་སྤེལ་རེས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་རྩི་གི་ཡོད།
གཅིག
ཧོ་ཧྭ་ཧྲེང་ནི། རང་སྐྱོང་ལྗོངས་ཡིག་གཟུགས་མཛེས་རིས་གསོ་སྦྱོང་ལྟེ་གནས་ཀྱི་ཀྲུའུ་རེན་དང་། ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ། སློབ་གསོ་གསོ་སྦྱོང་དང་རྩོམ་སྒྲིག་དཔེ་སྐྲུན་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་བཅས་ཡིན་པ་དང་། 2012ལོར་རིག་གནས་པུའི་སྐར་ཚོགས་བྱ་དགའི་ཟངས་ཀྱི་རྟགས་མ་དང་། ཀྲུང་གོའི་ཡིག་གཟུགས་མཐུན་ཚོགས་ནུབ་རྒྱུད་ཡིག་གཟུགས་ལས་རིགས་ཀྱི་ཡིག་གཟུགས་མཁས་པའི་གཟབ་སྦྱོང་འཛིན་གྲྭའི་ཡིག་གཟུགས་བརྩམས་ཆོས་གཟིགས་འབུལ་འགྲེམས་སྟོན་ལ་ཕུལ་བྱུང་བྱ་དགའ་ཐོབ་མྱོང་ཡོད། ལྷ་སར་ཡིག་གཟུགས་འབྲི་སྟངས་བསླབས་ནས་ལོ་མང་སྡོད་རིང་། ཐོག་མར་སློབ་ཁྲིད་བྱེད་དཀའ་རུང་། རིམ་བཞིན་ཕྲུ་གུ་ཚོས་རང་འགུལ་ངང་གསོ་སྦྱོང་ལྟེ་གནས་ལ་ཡིག་གཟུགས་སྦྱོང་བར་ཡོང་བ་དང་སློབ་གྲྭས་ཀྱང་ཁོང་གདན་དྲངས་ནས་དགེ་སློབ་ལ་ཡིག་གཟུགས་ཁྲིད་དུ་བཅུག་ལ། རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་གཉེར་བའི་ལྗོངས་ཡོངས་ཀྱི་དགེ་རྒན་གྱི་ཡིག་གཟུགས་གསོ་སྦྱོང་འཛིན་གྲྭའི་ཡིག་གཟུགས་དགེ་རྒན་ལ་གདན་དྲངས། དེ་དག་ཚང་མ་ནི་རང་སྐྱོང་ལྗོངས་རིག་གནས་ཐིང་དང་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་འབྲེལ་ཡོད་སྡེ་ཚན་དང་འགོ་ཁྲིད་ཀྱིས་ཡིག་གཟུགས་སྦྱོང་རྒྱུར་མཐོང་ཆེན་དང་རྒྱབ་སྐྱོར་བྱས་པ་དང་ཁ་འབྲལ་ཐབས་མེད་པ་སྨོས་ཅི་དགོས།
ལོ་ཤས་ནང་། ལྷ་སའི་གྲོང་མིས་རིག་གནས་ལ་མཐོང་ཇེ་ཆེར་་སོང་བ་ཁོང་ལ་མྱོང་ཚོར་ཆེན་པོ་བྱུང་བ་སྟེ། བྱིས་པ་མང་པོ་ཡིག་གཟུགས་དང་རི་མོ་སྦྱོང་བའི་འཛིན་གྲྭར་ཞུགས་པ་ཕུད། དར་མ་མང་པོ་ཞིག་ཀྱང་ཡིག་གཟུགས་སྦྱོང་བར་ཡོང་གི་ཡོད། ད་དུང་གཟའ་འཁོར་ཚང་མར་རྒན་ཡོལ་ཞུས་པའི་ལས་བྱེད་རྒན་གྲས་ཀྱང་ཡིག་གཟུགས་སྦྱོང་བརྡར་འཛིན་གྲྭར་ཡོང་གི་ཡོད། ད་ཆ་ལྷ་སའི་རིག་གནས་ཀྱི་འཕེལ་ཕྱོགས་དང་སློབ་སྦྱོང་གི་རྣམ་པ་ཡག་པོ་ཡོད་ཅིང་། ལྗོངས་ནང་ཁུལ་དུ་ཡིག་གཟུགས་དང་རི་མོའི་འགྲན་བསྡུར་བྱེད་པ་མ་ཟད། ལྗོངས་ཕྱིར་ཡང་རྟག་ཏུ་ཡིག་གཟུགས་འབྲི་སྟངས་སྤེལ་རེས་བྱེད་སྒོ་སྤེལ་གྱི་ཡོད།
ད་ཆ་ཧོ་ཧྭ་ཧྲེང་གིས་གསོ་སྦྱོང་ལྟེ་གནས་ལ་ཡིག་གཟུགས་འབྲི་སྟངས་སློབ་པ་ཕུད། གཟའ་འཁོར་རེར་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་དགེ་སློབ་ལ་ཡིག་གཟུགས་སློབ་ཚན་འཁྲིད་ཀྱི་ཡོད། སློབ་ཚན་འཁྲིད་རིང་ཡིག་གཟུགས་ལས་ཡིག་གཟུགས་སྦྱོང་མཁན་དང་ཡིག་གཟུགས་ལ་དགའ་མཁན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་ཁོང་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཡིག་གཟུགས་སློབ་ཚན་འཁྲིད་སྐབས། ཁོང་གིས་ཀྲུང་གོའི་གནའ་གཞུང《ཚིག་གི་འབྲུ་འགྲེལ》ནས་འགྲེལ་བཤད་རྒྱག་རྒྱུར་དགའ་པོ་བྱེད་ཀྱི་ཡོད། དེ་ལྟར་བྱས་པས་ཡིག་གཟུགས་སྦྱོང་མཁན་ཚོས་ཕ་མེས་ཀྱིས་ཡི་གེ་ཇི་ལྟར་བཟོས་པའི་ལོ་རྒྱུས་རྟོགས་ཐུབ་ལ། ཡི་གེའི་རྣམ་འགྱུར་གྱིས་མཚོན་པའི་ཀྲུང་གོའི་གནའ་བོའི་སྤྱི་ཚོགས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། དམག་དོན། ཁྲིམས་ལུགས། ཚན་རྩལ། ཡུལ་སྐད། གཏམ་དཔེ་སོགས་སྤྱི་ཚོགས་དང་འཚོ་བའི་གང་ས་ཅི་ཐད་སྐོར་ཤེས་རྟོགས་ཐུབ་ཀྱི་ཡོད།
ཡི་གེ་ནི་རིག་གནས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན་པས། རྒྱ་ཡིག་ཀྱང་ངང་ཚུལ་དེ་ལས་མ་འདས། ད་ཆའི་རྒྱ་ཡིག་གི་མི་ཞེས་པའི་ཡི་གེ་འབྲི་སྟངས་དེའི་རྒྱུན་འདེད་ཚེ། རྒྱ་ཡིག་གི་སྐོགས་རུས་ཡི་གེ་དང་། བརྐོས་ཡིག་ལ་ཐུག་གི་ཡོད། དེས་ན་ཡིག་གཟུགས་སྦྱངས་ཚེ། ཡང་མེས་ཀྱི་ཉམས་མྱོང་དང་བློ་གྲོས་ཤེས་ཐུབ་ལ། སྲོལ་རྒྱུན་རིག་གནས་ཁྲོད“མི”ཞེས་པར་དགའ་ཞེན་དང་བརྩི་འཇོག་ཇི་ལྟར་བྱེད་དགོས་པ་ཤེས་ཐུབ།
གཉིས།
ཐན་ལི་ཞ་ནི། ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ཁོངས་མི་དང་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་ཡིག་གཟུགས་དགེ་རྒན་ཡིན། ཁོང་གིས་བྲིས་པའི་ཡིག་གཟུགས་ལ་ལྷ་ས་གྲོང་ཁྱེར་གྱི་རྐོ་འབྲིའི་ཡིག་གཟུགས་འགྲན་བསྡུར་སྐབས་དང་པོའི་ནང་ཕུལ་བྱུང་གྱི་བྱ་དགའ་ཐོབ་པ་དང་ལྷ་ས་གྲོང་ཁྱེར་གྱི་ཡིག་རིས་པར་གསུམ་གྱི་བརྩམས་ཚོས་འགྲན་བསྡུར་སྐབས་དྲུག་པ་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི“རི་མོའི་ལམ་ནས་ཁྲེང་ཀོན་གྱི་མཛེས་པ་ངོམས། པིར་དང་སྣག་ཚས་ཏང་གི་དྲིན་ལ་བསྟོད”ཅེས་པའི་ཡིག་གཟུགས་དང་རི་མོའི་འགྲེམས་སྟོན་ནང་རྒྱ་ཡིག་ཡིག་གཟུགས་ཀྱི་ཨང་དང་པོའི་བྱ་དགའ་ཐོབ་ཡོད། ལོ་གསུམ་གོང་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གིས“ཡིག་གཟུགས་ཁྱབ་གདལ་གཏོང་བའི་སློབ་གྲྭ”བསྐྲུན་རྒྱུར་གཞོལ་འགོ་བཙུགས་ཏེ་ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་རིགས་གཅིག་མཁས་ཅན་སློབ་གྲྭར་གདན་དྲངས་ནས་དགེ་རྒན་རྣམས་ལ་ཡིག་གཟུགས་བསླབས་པ་དང་སྦྲགས་སློབ་གྲྭར་ཡིག་གཟུགས་ཁྱབ་གདལ་བཏང་བ་རེད། སློབ་མར་ལྕགས་སྨྱུག་དང་སྤུ་སྨྱུག་གིས་ཡི་གེ་འབྲི་བར་དགའ་བའི་འཛིན་གྲྭ་གཉེར་བ་མ་ཟད། ལོ་རིམ་གསུམ་པར་སླེབས་ན་ཕྲུ་གུ་ཚོས་ཡིག་གཟུགས་སྦྱོང་དགོས་ཀྱི་ཡོད་ཅིང་། དགེ་རྒན་ཐན་ལགས་རྟག་ཏུ་དགའ་མོས་འཛིན་གྲྭ་དང་ཡིག་གཟུགས་འཛིན་གྲྭར་སློབ་ཚན་ཁྲིད་པར་འགྲོ་གི་ཡོད། གཞན་ཡང་གཟའ་འཁོར་རེའི་གཟའ་ཕུར་བུའི་ཕྱི་དྲོའི“སྤྲོ་སྐྱིད་ཀྱི་གཟའ་ཕུར་བུའི”བྱེད་སྒོར་ཕྲུ་གུ་ཚོ་དང་མཉམ་དུ་བོད་ཡིག་དང་རྒྱ་ཡིག་གི་ཡིག་གཟུགས་སྦྱོང་གི་ཡོད་པ་རེད།
སློབ་གྲྭའི་ཡིག་གཟུགས་ཁང་དུ་གནའ་ཉམས་དོད་པའི་སྒྲོག་ཙེའི་ཐོག་ཏུ་ཡིག་གཟུགས་འབྲི་བར་མཁོ་བའི་སྣག་ཚ་དང་ཤོག་བུ་སོགས་བཞག་འདུག་ལ། ཕྲུ་གུ་ཚོས་ནན་ཏན་ངང་ཡི་གེ་འབྲི་བ་དང་། སོ་སོས་བྲིས་པའི་ཡིག་གཟུགས་གཞན་ལ་བསྟན་ནས་དཔྱད་བསྡུར་བྱེད་བཞིན་འདུག་པས། སྤྲོ་སྣང་གིས་ཁེངས་པའི་རྣམ་པ་ཞིག་ངང་གིས་མངོན་འོང་།
དགེ་རྒན་ཐན་ལགས་ཀྱིས་སློབ་གྲྭས་ལོ་ལྟར“བོད་ཡིག་དང་རྒྱ་ཡིག་གི་ཡིག་གཟུགས་འགྲེམས་སྟོན”བྱེད་སྒོ་སྤེལ་གྱི་ཡོད་པ་དང་དགེ་སློབ་ཡོངས་དེར་ཞུགས་རྒྱུར་སློབ་གྲྭའི་གོང་འོག་ཚང་མས་མཐོང་ཆེན་དང་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། དགེ་སློབ་དབར་གྱི་སྤེལ་རེས་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། བོད་རིགས་དང་རྒྱ་རིགས་སློབ་ཕྲུག་ཕན་ཚུན་སློབ་སྦྱོང་བྱེད་པའི་གོ་སྐབས་ཡང་མང་དུ་སོང་བ་མ་ཟད། སློབ་མ་རྣམས་ཀྱི་དགའ་མོས་བྱ་ཡུལ་ཡང་སློབ་ཕྱིའི་དུས་སུ་ངོམས་སྟོན་གྱི་གོ་སྐབས་བྱུང་བས། སློབ་གསེང་གི་འཚོ་བ་འཁྲུག་ཆ་དོད་པོར་འགྱུར་་བཞིན་ཡོད་ཅེས་བཤད།
ལོ་མང་རིང་ཡིག་གཟུགས་འབྲི་སྦྱོང་ལ་སྦྱོང་བརྡར་མང་པོ་སྤྲས་པས། ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་དགེ་རྒན་ནས་སློབ་མའི་བར་གྱི་ཡིག་གཟུགས་འབྲི་རྩལ་དང་ཆུ་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་དེ། ནག་པང་སྟེང་གི་ཡི་གེ་ཁམས་གཙང་པོ་དང་གྲལ་འགྲིག་རུ་ཕྱིན་པ་དང་། སློབ་མའི་སྦྱོང་ཚན་སྟེང་གི་ཡི་གེའང་ཡག་ཏུ་ཕྱིན་པས། ཁྱིམ་བདག་རྣམས་ཧ་ཅང་དགའ་པོ་བྱུང་ཞིང་། དེས་ན། ཁྱིམ་བདག་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ངང“ཡིག་གཟུགས་ཁྱབ་གདལ་གཏོང་བའི་སློབ་གྲྭ”བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་པ་རེད།
ཕྲུ་གུ་ཚོར་ཡི་གེ་འབྲི་སྟངས་ཡང་དག་པ་གོམས་པའི་ཁར། ལས་ཀ་བྱེད་དུས་དགའ་སྣང་དང་བློ་རྩེ་གཅིག་ཏུ་སྒྲིམ་ཚད་ཀྱང་ཆེ་རུ་སོང་ཡོད་ཅིང་། 2014ལོར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་དགེ་རྒན་གྱི་ཡིག་གཟུགས་འགྲན་བསྡུར་ཆེན་པོ་བྱས་ཤིང་། ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་གྲྭའི་དགེ་རྒན་ལ་བོད་ཡིག་དང་རྒྱ་ཡིག་གཉིས་ཀྱི་ཡིག་གཟུགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་ཡོད། “ཡིག་གཟུགས་ཁྱབ་གདལ་གཏོང་བའི་སློབ་གྲྭ”གཏོད་པའི་བྱེད་སྒོ་དེས་སློབ་གྲྭ་དེ་གའི་དགེ་རྒན་དང་སློབ་མ་རྣམས་ལ་ཡིག་གཟུགས་སྦྱོང་རྒྱུར་ཤུགས་རྐྱེན་བཟང་པོ་ཐེབས་ཡོད།
འདི་ལོ་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ་ལྗོངས་ཡོངས་སུ་སྤྱི་སྐད་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོ་སྤེལ་བའི་འགོ་ཚུགས་མཛད་སྒོ་འཚོགས་པ་དང་། དེའི“ཀྲུང་ཧྭའི་གནའ་གཞུང་ཀློག་པའི”བྱེད་སྒོར་དགེ་སློབ་ཚོས་ལྕགས་སྨྱུག་དང་སྤུ་སྨྱུག་གིས་བྲིས་པའི་བོད་རྒྱའི་ཡིག་གཟུགས་ངོམས་སྟོན་བྱས་པ་མ་ཟད། གནའ་གཞུང་ཀློག་པའི་ནང་དགེ་སློབ་ཧུར་ཐག་ཞུགས་ནས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དག་རི་མོ་དང་། ཡིག་གཟུགས། དཔེ་ཆ་འདོན་པའི་ཐོག་ནས་མི་ཉམས་གོང་འཕེལ་ཡོང་བ་བྱས་ཡོད།
གསུམ།
ཟླ་བ་ཚེ་རིང་ནི། ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་རྒན་ཡོལ་ཞུ་ཉེའི་བོད་ཡིག་དགེ་རྒན་དང་དགེ་རྒན་ཆེ་མོ་བ་གཞོན་པ་ཡིན། ཁོང་ལ་2015ལོར་གཟི་ཚ་སྡེ་དགུ་བུམ་པའི་ཀྲུང་གོའི་ནུབ་རྒྱུད་ཀྱི་བོད་ཡིག་དང་རྒྱ་ཡིག་ཡིག་གཟུགས་འགྲན་བསྡུར་ཆེན་མོར་དངུལ་གྱི་རྟགས་མ་ཐོབ་ཡོད། ཁོང་གིས་བོད་ཡིག་སློབ་ཁྲིད་བྱེད་རིང་བོད་ཡིག་ཡིག་གཟུགས་ལ་རིམ་བཞིན་མཐོང་ཆེ་རུ་འགྲོ་བཞིན་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད།
ཉེ་བའི་ལོ་གཉིས་ནང་ལྷ་ས་གྲོང་ཁྱེར་གྱི་སློབ་ཆུང་མང་པོར་བོད་ཡིག་ཡིག་གཟུགས་སྦྱོང་བའི་འཛིན་གྲྭ་བཙུགས་པ་མ་ཟད། ཁྱིམ་བདག་གིས་ཀྱང་ཕྲུ་གུ་ཡིག་གཟུགས་སྦྱོང་བར་གཏོང་གི་ཡོད། བོད་ལྗོངས་དངོས་མང་སྟོན་ཚོགས་སྐབས་གསུམ་པའི་ཐོག་བོད་ཡིག་ཡིག་གཟུགས་དྲིལ་བསྒྲགས་བྱེད་ལམ་བཏོད་པ་དེ་ཀུན་གྱི་གླེང་གཞི་ཞིག་ཏུ་གྱུར་ལ་བོད་ཡིག་ཡིག་གཟུགས་སྦྱོང་བྱེད་ཀྱི་སྦྱང་ཤིང་དང་སྨྱུག་གུ་བྲིན་ཁ་ཤིན་ཏུ་རྒྱུག་པོ་བྱུང་། མི་ཚོས་བོད་ཡིག་ཡིག་གཟུགས་ལ་དགའ་པོ་དང་རྒྱུན་འཛིན་བྱེད་པ་ནི་ཨ་གསར་བྱས་པ་ཞིག་མིན་པར་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་རིག་གནས་ལ་ཟོལ་མེད་ཀྱི་བརྩེ་བ་བཅངས་ནས་རྒྱུན་འཛིན་དང་ངེས་ཤེས་འདྲོངས་པ་ཞིག་ཡིན།
སློབ་ཚན་འཚོག་སྐབས་ཟླ་བ་ཚེ་རིང་གིས་ནང་པང་དུ་ཡིག་གཟུགས་ལེགས་པོས་ཡི་གེ་འབྲི་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད། རྒྱུ་མཚན་ནི་སློབ་མ་ཚོར་བོད་ཡིག་ཡིག་གཟུགས་ཡག་པོ་ཞིག་འབྲི་དགོས་ཞེས་བརྗོད་པར་དང་ཐོག་རང་ཉིད་ཀྱིས་མིག་དཔེ་བཟང་པོ་ཞིག་འདོན་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། སློབ་ཁྲིད་ཀྱི་ཞོར་ལ་ཟླ་བ་ཚེ་རིང་གིས་རྟག་ཏུ་ལྗོངས་ཕྱིའི་ཡིག་གཟུགས་ལས་རིགས་གཅིག་པ་དང་མཉམ་དུ་ཉམས་མྱོང་སྤེལ་རེས་བྱེད་པ་དང་ཡིག་གཟུགས་འབྲི་བར་བརྟེན་ནས་གྲོགས་པོ་སྒྲིག་པ་དང་། བོད་ཡིག་དང་རྒྱ་ཡིག་འབྲི་བའི་ལམ་ནས་ཐུན་མོང་གི་བསམ་འདུན་མཚོན་པར་བྱས་ཏེ་མི་རིགས་དབར་དང་སྒྱུ་རྩལ་ཐད་ཕན་ཚུན་སྤེལ་རེས་དང་ཡག་ཐོག་ཡག་རྩེག་ཡོང་བའི་ལས་ལ་གཞོལ་གྱི་ཡོད།
འགན་འཁུར་རྩོམ་སྒྲིག་པ། 尕藏智华
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣