རྒྱལ་ཁབ་དང་མི་རིགས་གང་འདྲ་ཞིག་ཡིན་ཀྱང་ཡར་ཐོན་དང་འཕེལ་རྒྱས་གཏོང་བའི་གཞི་རྩ་ནི་སློབ་གསོ་ཡིན་ལ་སློབ་གསོ་ནི་མིའི་རིགས་ཀྱི་བྱང་ཚད་མཐོར་གཏོང་དང་གསར་གཏོད་ཀྱི་ནུས་པ་གོང་མཐོར་གཏོང་བའི་ཐབས་ལམ་ཉག་གཅིག་རེད། སློབ་གསོའི་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ་ཕྱིར། 2005ལོ་ནས་བཟུང་རང་རྒྱལ་གྱིས་ཡོངས་ཁྱབ་ངང་བསླབ་གཞི་གསར་པའི་སྒྱུར་བཅོས་ལག་བསྟར་བྱེད་འགོ་བཙུགས་ཡོད། ད་འོ་ན་བསླབ་གཞི་གསར་པའི་སྒྱུར་བཅོས་ཀྱི“གསར་པ”ཞེས་པ་གང་ལ་གོ་དགོས་སམ་ཞེ་ན། འདི་ནི་དགེ་རྒན་གྱི་འདུ་ཤེས་གསར་པ་དང་སློབ་ཁྲིད་ཀྱི་ཐབས་ཤེས་གསར་པ། དེ་བཞིན་སློབ་མའི་སློབ་སྦྱོང་བྱ་ཐབས་གསར་པ་བཅས་རེད། བསླབ་གཞི་གསར་པའི་སྒྱུར་བཅོས་དང་བསྟུན་ནས་དགེ་རྒན་གྱིས་འདུ་ཤེས་གསར་པ་གཟུང་རྒྱུ་ནི་བསླབ་གཞི་གསར་པའི་སྒྱུར་བཅོས་ཀྱི་ལས་འགན་གཙོ་བོ་ཞིག་ཡིན་ལ། བསླབ་ཚན་གསར་པའི་སྒྱུར་བཅོས་ཀྱི་དགོངས་དོན་ལག་བསྟར་ཐུབ་མིན་གྱི་གནད་འགག་གཙོ་བོ་ཞིག་ཀྱང་རེད། འདིའི་ཕྱིར་ཕྲན་གྱིས་བསླབ་གཞི་གསར་པའི་སྒྱུར་བཅོས་དང་བསྟུན་ནས་དགེ་རྒན་གྱི་འདུ་ཤེས་སྒྱུར་དགོས་པའི་སྐོར་ལ་རང་བློས་དཔོག་ཚོད་ཀྱིས་དཔྱད་པ་གཏོང་ཁུལ་བྱ་རྒྱུ་ཡིན།
དང་པོ། དགེ་རྒན་གྱིས་སློབ་མ་གཙོ་བོར་འཇོག་པའི་འདུ་ཤེས་གཟུང་དགོས།
སློབ་ཁྲིད་བྱེད་སྐབས་དགེ་རྒན་ནི་སློབ་ཁྲིད་ལས་དོན་ལ་ཕྱོགས་ཡོངས་ནས་ཚོད་འཛིན་བྱེད་མཁན་ཞིག་དང་རང་གཅིག་པུས་སློབ་ཁྲིད་ཀྱི་ལས་འགན་ཡོངས་སུ་སྒྲུབ་ཐུབ་པའི་ངོས་འཛིན་བྱེད་པ་ནི་དེང་གི་སློབ་གསོའི་བླང་བྱ་དང་མི་མཐུན་པ་ཞིག་རེད་སྙམ། གལ་ཏེ་དེ་ལྟར་བྱས་ན། སློབ་ཁྲིད་བྱ་ཐབས་དེ་རྣམ་པའི་ཐོག་ནས་སློབ་ཕྲུག་ལ་གཅེས་སྐྱོང་བྱེད་པ་ལྟར་སྣང་ཡང་དོན་ལ་སློབ་ཕྲུག་རླུང་ཙེའི་ནང་གི་བྱིའུ་བཞིན་རང་དབང་མེད་པར་འགྱུར་བཞིན་ཡོད་པས། དགེ་རྒན་ནི་སློབ་མའི་སེམས་ཀྱི“དབང་སྒྱུར་པ”ཞིག་ཏུ་འགྱུར་སྲིད། ང་ཚོས་སློབ་མར་སེམས་ཁུར་བྱེད་འདོད་ན། “རླུང་ཙེའི”བཀག་རྒྱ་གཏོར་ནས་སློབ་མ་རང་འདོད་བཞིན་འཕུར་དུ་འཇུག་དགོས། དེའང་དགེ་རྒན་གྱིས་ཤོད་རྐྱང་དང་སློབ་མས་ཉན་རྐྱང་མི་བྱེད་པར་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་སློབ་མ་མཉམ་དུ་ཞུགས་དགོས། འཁྲུག་ཆ་དོད་ཅིང་སྤྲོ་སྣང་གིས་ཁེངས་པའི་སློབ་ཁང་གི་ཁོར་ཡུག་སྐྲུན་ཐུབ་ན་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་ཐུབ་པ་དང་བསམ་གཞིག་གི་ནུས་པ་འཕེལ་ཐུབ།
སློབ་ཁྲིད་བྱེད་སྐབས་སློབ་མ་གཙོ་བོར་བཞག་ནས་སློབ་མར་ཤེས་བྱའི་གནད་འགག་བརྒྱུད་སྤྲོད་ལ་མཐོང་ཆེན་བྱེད་པ་དང་སྦྲགས་སློབ་མར་སྐུལ་ལྕག་དང་བློ་སྒོ་འབྱེད་རྒྱུ་གཙིགས་སུ་བཟུང་ནས་སློབ་མའི་བསམ་གཞིག་གི་ནུས་པ་དང་ལག་པ་འགུལ་བ། སྐད་ཆ་ཤོད་པ་བཅས་ཀྱི་ནུས་པ་གསོ་སྐྱོང་བྱེད་དགོས། དགེ་རྒན་གྱིས་སློབ་ཚན་འཁྲིད་རྐྱང་དང་སློབ་མས་ཉན་རྐྱང་བྱེད་པ་ལས་སློབ་མའི་གནས་བབ་གཙོ་བོ་མངོན་མི་ཐུབ་པ་དང་སློབ་མའི་སློབ་སྦྱོང་བྱེད་སྟངས་དེ་གཞན་དབང་ཅན་དུ་འགྱུར་བ་མ་ཟད། སློབ་སྦྱོང་ལ་ཧུར་སེམས་མེད་པར་འགྱུར་སྲིད། དེར་བརྟེན་དགེ་རྒན་རྣམ་པས་སློབ་ཁྲིད་བྱེད་སྐབས་སློབ་མའི་དུས་ཚོད་སློབ་མར་སྤྲད་ནས་སློབ་ཁྲིད་ཀྱི་མི་སྣ་གཙོ་བོར་འགྱུར་བར་བྱེད་དགོས།
གཉིས་པ། རྒྱུགས་བསྟུན་སློབ་གསོ་ནས་བྱང་ཚད་སློབ་གསོར་བསྒྱུར་དགོས།
དགེ་རྒན་གྱིས་སློབ་མའི་ཡིག་རྒྱུགས་ཀྱི་སྐར་གྲངས་མཐོ་པོ་ལོན་རྒྱུ་ཁོ་ན་དམིགས་སུ་འཛིན་པ་ལས་སློབ་མའི་བྱང་ཚད་གོང་མཐོར་གཏོང་བར་སྣང་མེད་དུ་འཇོག་པ་ནི་ཡང་དག་པའི་ལྟ་བ་ཞིག་ག་ལ་རེད། རྒྱལ་ཁབ་ཀྱིས་བསླབ་གཞི་གསར་པའི་སྒྱུར་བཅོས་བྱེད་པའི་མཐའ་མའི་དམིགས་ཡུལ་ནི་བྱང་ཚད་སློབ་གསོ་སྤེལ་རྒྱུ་དང་། སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད། མིའི་རིགས་ཀྱི་བྱང་ཚད་གོང་མཐོར་གཏོང་རྒྱུ་དེ་རེད། འོན་ཀྱང་ཕྱོགས་མང་པོའི་དབང་དུ་སོང་ནས་ནམ་རྒྱུན་དགེ་རྒན་འགའ་རེས་སློབ་མའི་ཡིག་རྒྱུགས་ཀྱི་སྦྱངས་འབྲས་གཙོ་བོར་འཛིན་གྱི་ཡོད། ཕྲན་གྱི་བསམ་པར་སློབ་མར་ཤེས་བྱ་ཡོན་ཏན་སློབ་དགོས་ལ། ཀུན་སྤྱོད་སློབ་གསོ་དེ་བས་ཀྱང་གཏོང་དགོས། གང་ལགས་ཤེ་ན། སྐྱེ་བོ་འགའ་རེ་ཡོན་ཏན་གྱིས་ཕྱུག་ཀྱང་བསམ་པའི་འཁྱེར་སོ་ཡག་པོ་མེད་པའི་དབང་གིས་རང་རྒྱུད་ཀྱི་ཤེས་བྱ་དེ་དག་སྤྱད་ནས་གཞན་ལ་གནོད་པའི་བྱ་བ་ཁོ་ན་སྒྲུབ་བཞིན་ཡོད། དེ་ཡང་སྔོན་བྱོན་མཁས་པའི་ངག་ལས“ཀླད་ཆུང་རང་བཞིན་ངན་པ་ལ། ཡོན་ཏན་ཡོད་ཀྱང་ཕན་མི་ཐོགས། རྩ་བ་དུག་ཏུ་གནས་པ་ཡི། མེ་ཏོག་མཛེས་ཀྱང་སུ་ལ་མཁོ”ཞེས་གསུངས་པ་ལྟར་རོ། ཡང་དཔེར་ན་དྲ་ཐོག་ནས་གཞན་དངུལ་ཁ་བསླུས་རྒྱག་མཁན་དེ་ཚོ་དང་སྦྲེལ་ནས་བཤད་ན། མི་དེ་ཚོར་བྱང་ཆུབ་པའི་གློག་ཀླད་ཀྱི་ཤེས་བྱ་ཡོད་ཀྱང་ཁོང་ཚོར་ཡང་དག་པའི་རིན་ཐང་གི་ལྟ་བ་སོགས་མེད་པའི་དབང་གིས་རང་གཞན་ཀུན་ལ་གནོད་པའི་བྱ་བ་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོས་ལེགས་བཤད་དང་བསྟན་བཅོས་ཁག་དང་སྔོན་བྱོན་མཁས་དབང་རྣམས་ཀྱི་གསུང་རྒྱུན་སོགས་དྲངས་ཏེ་སློབ་མ་རྣམས་ལ་སྤྱོད་པ་ཚུལ་བཞིན་སྐྱོང་དགོས་ཚུལ་ཐད་སློབ་གསོ་རྒྱག་དགོས་ལ་སློབ་མ་ཚོའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་དམིགས་ནས་སློབ་གསོ་རྒྱག་དགོས།
བྱང་ཚད་སློབ་གསོ་ནི་མིའི་རིགས་ཀྱི་སྤུས་ཚད་གོང་མཐོར་གཏོང་བའི་སློབ་གསོར་ཟེར་ཅིང་། དེ་ནི་དེང་རབས་སློབ་གསོའི་ཁ་ཕྱོགས་ཀྱང་རེད། བསླབ་གཞི་གསར་པའི་སྒྱུར་བཅོས་ཀྱི་རྒྱུ་རྐྱེན་ཡང་སློབ་གྲྭས་གསོ་སྐྱོང་བྱས་པའི་སློབ་མས་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་མི་ཐུབ་པ་དེ་རེད། དེའང་སྲོལ་རྒྱུན་གྱི་སློབ་གསོར་རྒྱུགས་བསྟུན་སློབ་གསོ་སྤེལ་བས་ཡིན་སྲིད། སློབ་གྲྭས་སློབ་མའི་ཡིག་རྒྱུགས་ཀྱི་སྐར་གྲངས་དེ་ཕུལ་བྱུང་དགེ་རྒན་བདམས་ཐོན་བྱེད་པའི་གཞི་འཛིན་ས་གཙོ་བོ་ཞིག་ཏུ་འཇོག་བཞིན་ཡོད། དེས་ན་སློབ་གྲྭ་དེ་དག་གིས་གདེང་འཇོག་གི་ཚད་གཞིར་འགྱུར་ལྡོག་གཏོང་དགོས། གལ་ཏེ་མུ་མཐུད་དེ་འདྲ་བྱས་ཚེ་དགེ་རྒན་འགའ་རེས་རང་གི་ཁེ་ཕན་དང་སྙན་གྲགས་ཀྱི་ཆེད་དུ་སློབ་མའི་ཡིག་རྒྱུགས་ཀྱི་སྐར་གྲངས་མཐོ་པོ་དམིགས་ཚད་དུ་འཇོག་སྲིད། དེ་ལྟར་བྱེད་མཁན་གྱི་དགེ་རྒན་རྣམས་ནི“བརྡར་བཟོ་བ”ཞིག་དང་འདྲ་ཞིང་། ཁོང་རྣམ་པས་སློབ་མ་རང་ཉིད་སེམས་ཀྱི་ཚད་ལྡན་གྱི་བཟོ་ཆས་ཤིག་ཏུ་འགྱུར་ཐབས་བྱེད་པ་ལས་སློབ་མའི་དགའ་ཕྱོགས་དང་བསམ་ཚུལ་སྣང་མེད་དུ་འཇོག་གི་ཡོད། དེས་ན་ང་ཚོ་ཚང་མས་འདིར་ངོ་གནོང་མི་དགོས་པ་ཞིག་བྱེད་དགོས་པ་ནི་གལ་ཆེའོ།
གསུམ་པ། ཕུལ་བྱུང་སློབ་མ་རེ་གཉིས་སྐྱོང་བ་ནས་སྤྱི་ཡོངས་གཙོ་བོར་འཛིན་པར་སྒྱུར་དགོས།
དེའང་ཕུལ་བྱུང་སློབ་མ་རེ་གཉིས་སྐྱོང་བ་ནས་སྤྱི་ཡོངས་གཙོ་བོར་འཛིན་པར་བསྒྱུར་བའི་དམིགས་ཡུལ་མངོན་འགྱུར་བྱེད་དགོས་ན། སྤྱི་ཚོགས་དང་སློབ་གྲྭ་སོགས་ཕྱོགས་མང་པོས་འབད་འཐབ་བྱེད་དགོས་ལ། དེ་བས་སློབ་གསོའི་འཐབ་ས་མདུན་མའི་དགེ་རྒན་རྣམ་པའི་འདོར་ཐབས་བྲལ་བའི་ལས་འགན་ཞིག་རེད། དགེ་རྒན་རྣམ་པས་བསླབ་གཞི་གསར་པའི་སྒྱུར་བཅོས་ཀྱི་བླང་བྱ་ལྟར་སློབ་ཁྲིད་བྱེད་སྐབས་སློབ་མ་མི་རེ་ངོ་རེར་དོ་ཁུར་བྱས་ནས་སློབ་མ་ཡོངས་ལ་ཁ་ཕྱོགས་ཏེ་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བར་བྱེད་དགོས།
སྲོལ་རྒྱུན་སློབ་ཁྲིད་ལ་དགེ་རྒན་གྱིས་སྔོན་ཚུད་ནས་གྲ་སྒྲིག་བྱས་ཟིན་པའི་སློབ་ཁྲིད་ཟིན་བྲིས“འཁྲབ་གཞུང”ལྟ་བུ་ཞིག་ཡིན་པའི་དབང་དུ་བཏང་ན། དགེ་རྒན་ནི“འཁྲབ་གཞུང”དེའི་འཁྲབ་སྟོན་མི་སྣ་གཙོ་བོ་རེད། སློབ་སྦྱོང་ལེགས་པའི་སློབ་མ་རྣམས་མི་ཕལ་པ་དང་། སློབ་སྦྱོང་ཞན་པའི་སློབ་མ“ལྟད་མོ་བ”ལྟ་བུར་འགྱུར་བཞིན་ཡོད། དོན་དུ་དེ་ནི་སློབ་གསོ་མྱོང་བའི་འདྲ་མཉམ་གྱི་རྩ་དོན་ལས་འགལ་བ་ཞིག་རེད། སློབ་ཁྲིད་བྱེད་སྐབས་སློབ་སྦྱོང་ཞན་པའི་སློབ་མ་སྣང་མེད་དུ་འཇོག་པ་དེས་སློབ་མ་ཚོའི་རང་བརྩིའི་བསམ་པར་ཕོག་ཐུག་གཏོང་བཞིན་ཡོད། ལྷག་དོན་དུ་དགེ་རྒན་ཁག་གཅིག་གིས་སློབ་སྦྱོང་ཞན་པའི་སློབ་མར་སློབ་གསོ་རྒྱག་རྒྱུ་ནི“ཤིང་རུལ་ལ་བརྐོས་རྒྱག་པ”དང“ཀོ་བ་སྐམ་པོ་ལག་པས་མཉེས་པ”ལྟ་བུའི་དཀའ་ཚེགས་ཆེ་བའི་བྱ་བ་ཞིག་དང་ཐ་ན་ངལ་བ་འབྲས་མེད་ཡིན་པའི་ངོས་འཛིན་བྱས་ཏེ་ཁོང་ཚོར་ངང་རྒྱུད་རིང་པོའི་སྒོ་ནས་སློབ་གསོ་རྒྱག་རྒྱུ་ལྟ་ཅི་དེ་ལས་ལྡོག་སྟེ་ཁོང་ཚོར་ཟུར་ཟ་དང་འཕྱ་སྨོད་སོགས་བྱེད་ཀྱི་ཡོད། དེའི་རྐྱེན་གྱིས་སློབ་སྦྱོང་ཅུང་ཞན་པའི་སློབ་མ་འགའ་རེའི་བསམ་པར་ཡང་དགེ་རྒན་ནི“ཁྲིམས་དཔོན”དང་། སློབ་ཁང་ནི“ཁྲིམས་ཁང” རང་ཉིད་ནི“ཉེས་ཅན་པ”ཞིག་ཡིན་པའི་འཆར་སྣང་ཡོང་གི་ཡོད་པས། ང་ཚོ་དགེ་རྒན་རྣམ་པས་སློབ་མའི་སྦྱངས་འབྲས་ཡག་ཉེས་ལ་མ་བལྟོས་པར་ལྟ་སྟངས་གཅིག་པ་འཛིན་དགོས་ལ། སློབ་སྦྱོང་ཅུང་རྗེས་སུ་ལུས་པའི་སློབ་མར་དེ་བས་ཀྱང་སེམས་ཁུར་དང་ཡིད་ཆེས་སོགས་བྱས་ཏེ་བྱམས་བརྩེའི་སྒོ་ནས་ཁོང་ཚོ་རང་གི་བུ་ཕྲུག་བཞིན་སྐྱོང་དགོས་ལ་རྒྱུན་གཏན་གྱི་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་ཁོང་ཚོར་འཁང་ར་ཉུང་ཙམ་དང་སྐུལ་ལྕག་མང་ཙམ། སྐྱོན་བརྗོད་ཉུང་ཙམ་དང་ཐུགས་ཁུར་མང་ཙམ་བྱེད་དགོས། དགེ་སློབ་དབར་མཛའ་བརྩེ་ཟབ་མོ་ཞིག་ཆགས་ངེས་ལ། དགེ་རྒན་གྱིས་བཤད་པའི་སྐད་ཆ་ཉན་འདོད་པར་གྱུར་ནས་སྦྱང་བྱ་གང་ལ་སྦྱངས་པ་བྱེད་ངེས་སོ།
མདོར་ན་དགེ་རྒན་རྣམ་པས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་འབར་ཞུན་རྐང་གཅིག་ཡིན་པར་ངོས་བཟུང་ནས། སློབ་མར་འཇགས་པའི་ཤེས་རིག་གི་མེ་དཔུང་སྤོར་བ་དང་། ཁོང་ཚོར་ཡང་དག་པའི་མི་ཚེའི་ཁ་ཕྱོཌ་སྟོན་དགོས། ད་དུང་སློབ་མ་མི་རེ་ངོ་རེར་རང་ཉིད་ཀྱི་དགའ་ཕྱོགས་ཡོད་པས། དགེ་རྒན་གྱིས་དེ་དག་ཤེས་རྟོཌ་དང་། འཕེལ་རྒྱས་གཏོང་བའི་ངལ་བ་ལྷུར་ལེན་དགོས་པ་མ་ཟད། སློབ་མའི་ཕྱོཌ་ཡོངས་ལ་དམིགས་ནས་ངང་རྒྱུད་རིང་པོས་སློབ་གསོ་གཏོང་དགོས།
(ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་སྟོད་གཟིགས་ཤང་སློབ་ཆུང་གི་ཉི་མ་ཚེ་རིང)