སློབ་ཆུང་སློབ་མའི་བོད་ཡིག་ཆུ་ཚད་མཐོ་རུ་གཏོང་ཐབས་སྐོར་རགས་ཙམ་གླེང་བ།
བོད་སྐད་ཡིག་ནི་རང་རེའི་མི་རིགས་ཀྱི་བླ་སྲོག་དང་ཀུན་གྱིས་བརྗོད་གཞི་ཡང་རེད། དེས་ན་བོད་ཡིག་བཀོལ་སྤྱོད་བྱས་ནས་སྔོན་ཐོན་མི་རིགས་ཀྱི་རྗེས་སུ་སླེབས་པ་བྱ་རྒྱུ་ནི་ཚང་མས་གཡོལ་ཐབས་བྲལ་བའི་འགན་འཁྲི་ཞིག་རེད། ལྷག་པར་དུ་དགེ་རྒན་དང་། ཁྱིམ་བདག སློབ་ཕྲུག་གསུམ་ནི་རྒྱུན་ཐག་གཅིག་ལ་སྦྲེལ་བ་བཞིན་གནས་ཡོད་པ་ལས། དགེ་རྒན་གཅིག་པུའི་བྱ་ལས་ཡིན་པ་ག་ལ་སྲིད། འོ་ན། སློབ་ཆུང་སློབ་མའི་བོད་ཡིག་ཆུ་ཚད་གོང་མཐོར་ཇི་ལྟར་གཏོང་དགོས་སམ་ཞེ་ན། ཁོ་བོས་ལོ་མང་གཞི་རིམ་དུ་བོད་ཡིག་སློབ་གསོའི་ལག་ལེན་དངོས་ལ་གཞོལ་རིང་གི་མཐོང་ཐོས་དང་ཉམས་མྱོང་ཕྲན་བུ་གླེང་བར་འདོད་པ་གཤམ་གསལ།
དང་པོ། ཁྱིམ་ཚང་སློབ་གསོ་དང་འབྲེལ་བའི་གནད་དོན་སྐོར།
དེ་ཡང་ང་ཚོས་ཤེས་གསལ་ལྟར་རིག་གནས་ལ་དོ་སྣང་ཅུང་ཆེ་བའི་ཁྱིམ་ཚང་ཞིག་ཡིན་ཕྱིན་དེར་འཚར་ལོངས་བྱུང་བའི་ཕྲུ་གུར་ཁྱིམ་བདག་གིས་དང་ཐོག་སློབ་གྲྭར་མ་ཞུགས་གོང་བོད་ཡིག་གི་དབྱངས་གསལ་དང་གྲངས་ཀ་གཅིག་ནས་བརྒྱའི་བར་གྱི་འབྲི་ཀློག་ཐད་ཀྱི་ཤེས་བྱ་མང་པོ་ཞིག་བསླབ་ཟིན་པས། ཕྲུ་གུ་དེ་རྣམས་སློབ་ཆུང་གི་རྒྱལ་སྒོ་འཛུལ་མ་ཐག་དགེ་རྒན་གྱིས་བསྟོད་བསྔགས་མང་པོ་ཐོབ་ཀྱི་ཡོད་ལ། སློབ་མ་རང་ངོས་ནས་ཀྱང་སློབ་སྦྱོང་བྱེད་པར་རང་འགུལ་དང་འབད་བརྩོན་ཆེ་བ། ལྷག་པར་དུ་བོད་ཡིག་ནས་བཀོད་པའི་དཔེ་དེབ་འདྲ་མིན་སྣ་ཚོགས་ཁྱར་ཁྱོར་ངང་ཀློག་འདོན་ལ་དགའ་པོ་བྱེད་ཀྱི་ཡོད། དེས་ན་ཕྲུ་གུའི་དྭངས་གཙང་གི་ཀླད་པའི་ནང་མཛེས་པའི་ཤེས་བྱའི་རི་མོ་དལ་གྱིས་འཁྱུག་སྟེ། ཁྱིམ་ཚང་སློབ་གསོའི་ཤུགས་རྐྱེན་ལས་དཔེ་དེབ་ཀློག་འདོན་དང་མིང་ཚིག་གསོག་འཇོག་སོགས་ཀྱི་ཐོག་མའི་གོ་སྐབས་བཟང་པོ་གངས་རིའི་ཆུ་རྒྱུན་བཞིན་ཐོབ་པར་བརྟེན། ཕྲུ་གུ་དེ་རྣམས་ཀྱི་སྦྱངས་འབྲས་ཀྱང་དཔྱིད་ཀྱི་ས་བོན་ལྟར་གསོན་ཤུགས་དང་གསོན་ཉམས་ལྡན་པ་ཞིག་ཏུ་འགྱུར་བཞིན་མཆིས། དེ་ལས་ལྡོག་སྟེ་ཤེས་བྱ་རིག་པའི་གནས་ལ་དོ་འཁུར་དེ་ཙམ་མེད་པའི་ཁྱིམ་ཚང་ཞིག་ཏུ་འཚར་ལོངས་བྱུང་བའི་ཕྲུ་གུའི་ངོས་ནས་བརྗོད་ན། སློབ་གྲྭར་མ་ཞུགས་གོང་ནས་ཁྱིམ་དུ་ཡི་གེ་འབྲི་ཀློག་གི་གོ་སྐབས་གང་ཡང་མ་ཐོབ་ལ། སློབ་གྲྭར་ཞུགས་རྗེས་དགེ་རྒན་གྱིས་སློབ་ཁྲིད་ཁོ་ན་ལས་གཞན་གྱིས་དོ་སྣང་བྱེད་མཁན་མ་བྱུང་བའི་རྐྱེན་གྱིས་སྦྱངས་འབྲས་ཀྱང་དེ་ཙམ་དམན་ཙམ་ཡིན་པའི་ཐོག་དགེ་རྒན་གྱིས་ཀྱང་ནམ་རྒྱུན་ཕྲུ་གུ་དེ་རྣམས་ལ་བསྟོད་བསྔགས་དེ་ཙམ་གཏོང་གི་མེད་པས། ཁོང་ཚོས་ཐོག་མའི་ཡི་གེ་འབྲི་ཀློག་གི་དགའ་ཞེན་དང་སྦྱང་འདོད་ཀྱི་བསམ་པཉམས་ཞན་དུ་འགྲོ་གི་ཡོད། དེར་བརྟེན། ཕྲུ་གུ་ཞིག་གི་བདེ་ཐང་འཚར་ལོངས་ངོས་ནས་བཤད་ན། ཁྱིམ་ཚང་གི་སློབ་གསོ་ནི་ཤིན་ཏུ་གལ་འགངས་ཆེ་བ་ཞིག་ཡིན།
གཉིས་པ། དཔེ་དེབ་ལྟ་ཀློག་དང་འབྲེལ་བའི་གནད་དོན་སྐོར།
དཔེ་ཆ་ལྟ་ཀློག་ནི་ཤེས་བྱ་འཕེལ་བའི་རྨང་གཞིའམ་རྨང་རྡོ་ཞིག་ཡིན་པས། 《སློབ་འབྲིང་བོད་ཡིག་སློབ་ཐབས》ལས། “ད་ལྟའི་སྤྱི་ཚོགས་ནང་ཤེས་ཡོན་གང་འཚམས་ཡོད་པའི་མི་ཞིག་ཡིན་ཕྱིན། དཔེ་དེབ་དང་ཚགས་པར་སོགས་ལྟ་ཀློག་དགོས་པས་ན། ལྟ་ཀློག་ནི་མི་རྣམས་ཀྱི་ཆེས་གཞི་རྩའི་སློབ་སྦྱོང་བྱ་རིམ་ཞིག་ཡིན་པ་མཐོང་ཐུབ” ཅེས་གསུངས་པ་ལྟར། ལོ་རིམ་མཐོ་དམའ་གང་གི་དཔེ་དེབ་ཡིན་རུང་མང་ཙམ་ལྟ་ཀློག་བྱེད་རྒྱུ་ཧ་ཅང་གལ་ཆེ། ཡག་ཤོས་བྱུང་ན་དུས་དེབ་དང་ཚགས་པར། སྙན་རྩོམ། དེ་བཞིན་བྱིས་པའི་རྩོམ་ཡིག་སོགས་སློབ་ཕྱིའི་དཔེ་དེབ་གཞན་མང་ཙམ་ཀློག་ཐུབ་ན་འབྲི་ཀློག་གི་ནུས་པ་འཕེལ་བ་མ་ཟད། སློབ་ཁང་སློབ་ཁྲིད་ནས་ཐོབ་དཀའ་བའི་ཤེས་བྱ་སྣ་ཚོགས་ཤེས་པ་ཡིན། འོ་ན། སློབ་ཕྱིའི་ལྟ་ཀློག་ལ་བརྟེན་ནས་སློབ་མའི་ལྟ་རྒྱ་ཐོས་རྒྱ་ཆེ་རུ་གཏོང་ཐབས་ཇི་ལྟར་བྱ་དགོས་སམ་ཞེ་ན། རང་འགུལ་ངང“ལྟ་ཀློག་བྱེད་པ་གཙིགས་སུ་འཛིན་པ་དང་། རང་ཉིད་ཀྱི་འཚོ་བའི་ཉམས་མྱོང་དང་གསོག་འཇོག་བྱས་པའི་ཤེས་བྱ་ལེགས་པར་སྤྱད་དེ། རང་འགུལ་གྱི་བསམ་གཞིག་དང་ཚོར་འདུ་ལ་བརྟེན་ནས་མྱོང་ཚོར་དང་ཉམས་ལེན་ཁྱད་པར་བ་འཐོབ་པ་བྱེད་དགོས”ཞེས་པ་ལྟར། དགེ་རྒན་གྱི་ཁྲིད་སྟོན་འོག་སློབ་མ་རང་ཉིད་ཀྱིས་དམིགས་ཡུལ་ཁ་གསལ་ཡོད་པའི་སྒོ་ནས་སྙན་ངག་དང་། སྒྲུང་གཏམ། བྱིས་པའི་རྩོམ་ཡིག་སོགས་ལྟ་ཀློག་བྱེད་དགོས། ལྷག་པར་དུ་སློབ་ཕྲུག་ཚོས་ཞོགས་སྔ་ལངས་ཀྱི་གོམས་གཤིས་འཇགས་པར་བྱས་ཏེ་རང་དགོས་ཤེས་བྱ་ཀློག་འདོན་དང་བློ་ལ་མང་ཙམ་འཛིན་དགོས།
གསུམ་པ། རྩོམ་འབྲི་དང་འབྲེལ་བའི་གནད་དོན་སྐོར།
མཁས་པའི་བྱ་བ་རྣམ་གསུམ་གྱི་ཡ་གྱལ་དུ་བགྲང་པའི་རྩོམ་པའི་ལས་ནི། རྗེ་རིན་པོ་ཆེས“རིགས་པའི་ལམ་ལ་བྱང་བའི་བློ་མཆོག་དང་། ། གསུང་རབ་གདམས་པར་ཤར་བའི་ཉམས་ལེན་དང་། ། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། ། ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང”ཞེས་པ་ལྟར་རྩོམ་འབྲི་ནི་ཤིན་ཏུ་གལ་ཆེ་བར་མཐོང་། འོན་ཀྱང་རང་ཅག་གི་སློབ་མ་རྣམས་ཀྱིས་རྩོམ་ཡིག་འབྲི་སྦྱོང་དེ་ཤིན་ཏུ་དཀའ་བའི་བྱ་བ་ཞིག་ཏུ་ངོས་འཛིན་གྱིན་འདུག དེ་ལྟར་བྱེད་དགོས་དོན་ཡང་།
གཅིག དམའ་རིམ་འཛིན་གྲྭ་ནས་བརྗོད་པ་བཟོ་རྒྱུ་ནི་རྩོམ་འབྲིའི་གོམ་སྟབས་དང་པོ་དེ་ཡིན་ཞིང་། བརྗོད་པ་ལེགས་པོ་ཞིག་བཟོ་ཐུབ་མིན་ནི་རྩོམ་ཡིག་ལེགས་པོ་ཞིག་འབྲི་ཐུབ་མིན་གྱི་འགག་རྩ་ཞིག་ཀྱང་རེད། དེའི་ཕྱིར་རང་ཅག་གི་སློབ་མས་དམའ་རིམ་འཛིན་གྲྭ་ནས་བཟུང་སྟེ་བརྗོད་པ་ལེགས་པོ་ཞིག་བཟོ་མ་ཐུབ་པའི་རྐྱེན་གྱིས་རྩོམ་ཡིག་འབྲི་རྒྱུར་དེ་ཙམ་དགའ་པོ་མི་བྱེད་པའི་རྒྱུ་མཚན་གཙོ་བོ་ཞིག་ཡིན། འོན་ཀྱང་རྒྱུན་དུ་དགེ་རྒན་འགའ་ཞིག་གིས་ཡིག་རྒྱུགས་ལ་ཁ་གཏད་གཅོག་ཆེད་བརྗོད་པ་བཟོ་དགོས་པའི་སྦྱང་གཞི་ཐོན་ཚེ་དགེ་རྒན་གྱིས་ནག་པང་སྟེང་བཟོ་རྐྱང་དང་སློབ་མས་ཟིན་བྲིས་ཐོག་བཤུས་རྗེས་ངག་ལ་ཟིན་རྐྱང་བྱེད་པ་སོགས་ཀྱི་གནས་ཚུལ་ཡང་ཐོན་བཞིན་ཡོད། དེ་ནས་མཐོ་རིམ་འཛིན་གྲྭར་སླེབས་རྗེས་སློབ་ཚན་གྱི་སྦྱང་གཞིའི་རེ་བ་ལྟར་རྩོམ་ཡིག་ཅིག་འབྲི་དགོས་ཚེ་སློབ་མ་རྣམས་ཕོ་ཟད་མོ་ཐུག་དང་ལག་ཟད་དཔུང་ཐུག་གི་གཏམ་དཔེར་འགྲོ་ཞིང་། དེ་བས་ཀྱང་ཡིག་རྒྱུགས་ལ་ཁ་གཏད་གཅོག་ཆེད་དགེ་རྒན་རང་ངོས་ནས་རྩོམ་ཐུང་གང་རུང་གཅིག་བྲིས་ཏེ་སློབ་མར་ངག་ལ་འཛིན་དུ་འཇུག་པའམ་རྩོམ་དེབ་གང་རུང་ཞིག་ནས་རྩོམ་ཐུང་གཅིག་བློར་འཛིན་དུ་འཇུག་པ་སོགས་གནས་ཚུལ་འདྲ་མིན་ཐོན་སྟབས་སློབ་མ་རང་ངོས་ནས་བརྗོད་བྱ་ལེགས་སྒྲིག་བྱེད་མི་ཐུབ།
གཉིས། མཐོ་རིམ་འཛིན་གྲྭར་སླེབས་མ་ཐག་དགེ་རྒན་གྱིས་སློབ་ཚན་དུ་བཀོད་པའི་ལེགས་བཤད་ག་གེ་མོ་ཞིག་དང་ཡང་ན་སྙན་ངག་ག་གེ་མོ་ཞིག་དཔེར་བྱས་ཏེ་ལེགས་བཤད་ཤོ་ལོ་ཀ་ཞིག་དང་ཡང་ན་སྙན་ངག་ཤོ་ལོ་ཀ་ཞིག་འབྲི་བ་སོགས་ཀྱི་རེ་བ་བཏོན་ཚེ་དམའ་རིམ་འཛིན་གྲྭ་ནས་བརྗོད་པ་བཟོ་བའི་རྨང་གཞི་ཞན་པའི་ཁར། དགེ་རྒན་གྱིས་རེ་བ་མཐོ་པོ་འདི་འདྲ་ཞིག་བཏོན་པ་ནི་དགུན་དུས་གཙང་ཆུ་བརྒལ་བ་ལྟར་དཀའ་བར་སྣང་ལ། སློབ་མས་འབད་པ་ག་ཚོད་བྱས་ཀྱང་འབྲས་བུ་ཐོན་རྒྱུ་ཕར་བཞག་དེ་ལས་ལྡོག་སྟེ་ཁོ་ཚོས་རྩོམ་འབྲིར་ཞེན་པ་གཏིང་ནས་ལོག་སྲིད།
འོ་ན། སློབ་མའི་རྩོམ་འབྲིའི་ནུས་པ་སྐྱེད་སྲིང་ཇི་ལྟར་བྱ་དགོས་སམ་ཞེ་ན།
དེ་ཡང་བྱ་བ་གང་ཞིག་བྱས་ཀྱང་སླ་བ་ནས་དཀའ་བའི་ཕྱོགས་སུ་བགྲོད་ན་འབྲས་བུ་བཟང་བ་ཇི་བཞིན་སྔོན་ལ་བརྗོད་པ་བཟོ་བར་སྐུལ་རྗེས། དེ་ནས་རིམ་བཞིན་ཉིན་ཐོ་འབྲི་དགོས། ཉིན་ཐོ་ནི་ལོ་འགའི་སྔོན་དང་ཡང་ན་ལོ་འགའི་རྗེས་ཀྱི་གནས་ཚུལ་མ་ཡིན་པར་ཉིན་དེ་རང་གི་གནས་ཚུལ་ཇི་མ་ཇི་བཞིན་འབྲི་རྒྱུ་ཁོ་ན་ཡིན་པས། དེའི་ཤུགས་རྐྱེན་གྱིས་ད་གཟོད་སློབ་མ་རྣམས་ཀྱིས་རྩོམ་ཡིག་འབྲི་རྒྱུར་དཀའ་མོ་ཞིག་མ་ཡིན་པར་སྤྲོ་སྣང་ལྡན་པའི་བྱ་བ་ཞིག་ཡིན་པ་རྟོགས་ཐུབ་པས། གཞི་ནས་ཁོང་ཚོའི་རྩོམ་འབྲིའི་བྱ་བ་ལ་འཇུག་པའི་དང་ག་ཕྱེ་ཐུབ། ཉིན་ཐོས་ཁོང་ཚོའི་རྩོམ་འབྲིའི་བྱ་བར་སྤྲོ་བ་འཕེལ་རྗེས་དགེ་རྒན་རྣམས་ཀྱིས་རྩོམ་ཐུང་རེ་བཀོད་སྒྲིག་བྱས་ཏེ། སྔོན་ལ་སློབ་མར་རྩོམ་འབྲིའི་རེ་བ་ཧ་ཅང་མཐོ་དྲགས་རྒྱུ་མེད་པར་གསལ་བཤད་རྩོམ་ཡིག་གམ་ཡང་ན་ཇི་བཞིན་བརྗོད་པའི་རྩོམ་གྱི་ནང་གསེས་ཆུང་ངུ་སྟེ། མི་སྣ་ཞིབ་འབྲིའམ་དངོས་པོ་ཞིབ་འབྲི་ལྟ་བུ་ཞིག་བཀོད་སྒྲིག་བྱས་ན་ཤིན་ཏུ་འཚམ། དངོས་པོ་ཞིབ་འབྲི་ནི་དངོས་པོ་ག་གེ་མོ་ཞིག་འབྲི་བྱར་བཟུང་སྟེ་ནམ་རྒྱུན་གྱི་སྐད་ཆའི་འགྲོས་ལྟར་བྲིས་ན་འགྲིག་ལ། བྲི་བྱ་ཡང་ཧ་ཅང་རྒྱ་ཆེ་བས། དཔེར་ན《 བདག་གི་ཨ་ཕ 》དང་། 《ངའི་དེབ 》 《ངའི་ཕ་ཡུལ》 《ངའི་ཉལ་ཁང་》སོགས་ཀྱི་སྦྱང་ཚན་སྐུལ་ཞིང་ཡིག་གཟུགས་དང་དག་ཆར་དོ་སྣང་བྱེད་དགོས་པའི་རེ་བ་བཏོན་ཐོག་ཚེག་ཁྱིམ་ཡང་བརྒྱ་གཡས་གཡོན་ཙམ་ལོན་དགོས་པའི་ཆ་རྐྱེན་བཏོན་ནས་རྩོམ་ཐུང་འབྲི་རུ་བཅུག་ན། དང་ཐོག་མ་ནས་ལེགས་བཤད་དང་སྙན་ངག་འབྲི་བ་ལས་ལྡབ་ཁ་ཤས་ཀྱི་ལས་སླ་བ་ཡོད།
ད་ལྟ་ང་ཚོས་སློབ་དེབ་ཏུ་བཀོད་སྒྲིག་བྱས་པའི་སློབ་ཚན་མང་ཆེ་བ་ནི་གྲགས་ཅན་རྩོམ་པ་པོའི་བརྩམས་ཆོས་འབའ་ཞིག་ཡིན་པར་བརྟེན། དུས་སྟོང་ཟུར་འདོན་གྱིས་དུས་དེབ་དང་ཚགས་པར་སོགས་ནས་བྱིས་པའི་རྩོམ་ཡིག་རེ་གཉིས་བཙལ་ཏེ་དགེ་རྒན་གྱིས་བཤད་ཁྲིད་དང་བཅས་ཧང་སང་སང་གིས་རྩོམ་ཡིག་དེ་ཚོར་བསྟོད་བསྔགས་དང་སྦྲགས། སློབ་མ་ཚོར་རྩོམ་ཡིག་དེ་འདྲ་འབྲི་ཐུབ་ན་རྗེས་སོར་གྲགས་ཅན་རྩོམ་པ་པོ་ཞིག་ཆགས་རྒྱུ་ཉག་ཅིག་རེད་ཅེས་སྐུལ་མ་བྱ་དགོས། ལྷག་པར་དུ་སློབ་མ་རང་གིས་བྲིས་པའི་སྤྱིར་བཏང་རྩོམ་ཡིག་དེ་ཚོར་ཡང་དགེ་རྒན་ནས་བསྟོད་བསྔགས་དང་གཟེངས་བསྟོད་བྱ་རྒྱུ་མ་ཟད། སློབ་མའི་ཁྲོད་བཀླགས་ཏེ་རང་ལ་ཡིད་ཆེས་དང་གཞན་རྣམས་ལའང་སྐུལ་ལྕག་དང་མིག་དཔེར་འཛིན་དུ་བཅུག་དགོས། དེ་ལྟར་བྱུང་ན་སློབ་མའི་རྩོམ་ཡིག་འབྲི་བར་སྤྲོ་སྣང་འཕེལ་ཐུབ་པ་མ་ཟད། ཁོང་ཚོའི་བོད་ཡིག་གི་ཆུ་ཚད་ཀྱང་གོང་མཐོར་གཏོང་ཐུབ།
མདོར་ན། བཀའ་དྲིན་བསམ་གྱིས་མི་ཁྱབ་པའི་ཕ་མ་དང་དགེ་བའི་བཤེས་གཉེན་རྣམ་པས་སྐུ་ངལ་ལ་མ་འཛེམས་པར་མ་འོངས་པའི་ཕྲུ་གུའི་མདུན་ལམ་དང་ཤེས་བྱ་རིག་པའི་གནས་གོང་འཕེལ་གཏོང་ཆེད། སློབ་པའི་ལམ་ལ་འཇུག་མ་ཐག་པར་འབད་བརྩོན་ལྷོད་མེད་བྱ་དགོས་ཏེ། རིག་པ་གཞོན་པའི་དུས་སུ་སློབ་ཅེས་པ་ལྟར། ཐབས་ཤེས་ཟུང་འཇུག་གིས་ཆུང་དུས་ནས་བོད་ཡིག་ལྟ་ཀློག་དང་། མིང་ཚིག་གསོག་འཇོག ཉིན་ཐོ་འབྲི་བ། རྩོམ་ཐུང་འབྲི་བ་སོགས་རྨང་གཞིའི་ཞིང་ས་གཤིན་པོ་ཞིག་གསར་སྐྲུན་གནང་རྒྱུ་ཧ་ཅང་གལ་འགངས་ཆེའོ། །
(བོད་ལྗོངས་སློབ་གྲྭ་ཆེ་མོའི་རིག་གཞུང་སློབ་གླིང་2015ལོའི་ཤེས་རམས་ཞིབ་འཇུག་སློབ་མ་བུ་ལགས་དང་མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་ར་ཤང་སློབ་ཆུང་གི་དགེ་རྒན་ཚེ་སྐྱིད)
འགན་འཁུར་རྩོམ་སྒྲིག་པ། 尕藏智华
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣