རྒྱ་རྩིས་དགུན་ར་ལྕགས་ཕོ་བྱི་ཟླ་ཆེ་བ། ཚེས་3སྤྲེལ་གྱི་ལྔ་ཆ་གསུམ་ནས་སྟོན་ཉིན་མཚན་མཉམ། ལྷ་སར་ཆུ་ཚོད་བདུན་དང་སྐར་མ་བཞི་བཅུར་ཉི་མ་ཤར། ཆུ་ཚོད་ཉི་ཤུ་དང་སྐར་མ་གཅིག་ལ་ཉི་མ་བཞུད། ཚེས་7བྱའི་ལྔ་ཆ་གཅིག་ནས་སྲིད་པའི་སྒྲོན་མེ་སྒེག་མོའི་ཁྱིམ་དུ་འབྱོར། ཟླ་བདག་འཇམ། རང་ཟླའི་ཚེས་7ནས་ཕྱི་ཟླའི་ཚེས་6བར་བུམ་སྟོང་ལྷོ། ཚེས་9བྱའི་ལྔ་ཆ་གཉིས་ནས་ཚེས་10ཁྱིའི་ལྔ་ཆ་གཉིས་བར་ཉི་མ་ནག ཚེས་15ཁྱིའི་ལྔ་ཆ་གསུམ་ནས་སྟོན་བར་མའི་རང་སྒང་ཟིན། སྤང་མདོག་འགྱུར། བ་མོ་འགོ་མ་འབབ། ཟིལ་དཀར་འོང་། མ་གལ་དང་སྦྱར་པའི་ལོ་མ་སེར་མདོག་འགྱུར། མུ་མཐུད་ནས་སྟོན་རྨོད་རྒྱག་པ་དང་། དགུན་གྲོ་འདེབས་ཚར་བར་བྱ་དགོས། སྟོད་བྱང་འབྲོག་པའི་ས་ཁུལ་དུ་སྔོ་གསོག་ལྗང་རྩྭ་བསྡུ་ཉར་བྱ་རྒྱུ།
སྤྱི་ལ་ཟླ་འདིར་འབྱུང་བ་མེ་རླུང་ཁམས་ཤས་ཆེ་བས་ཡུལ་སྤྱིར་ཁ་ཆར་གྱི་འབབ་ཚད་ཞན། རླུང་བུ་ལྡང་། བྱེ་བྲག་ཚེས་ཤར་ནས་སྤེན་པ་དང་སྒྲ་གཅན་ས་ཆུའི་སྐར་མར་སྤྱོད་ཅིང་། ལྷག་པ་དང་མིག་དམར་སྐར་ཁྱིམ་གཅིག་ཏུ་འཛོམས་ཤིང་། སངས་མདུན་ལྷག་པ་གནས་པ་དང་། ཚེས་7ནས་པ་སངས་དང་ཕུར་བུ་འབྱུང་འགྲོས་ཀྱིས་མེ་རླུང་སྐར་མར་སྤྱོད་པས་ཤར་དང་། ཤར་ལྷོའི་ཁུལ་དུ་ཁ་ཆར་འཚུབ་པ་མང་། ལྷོ་ནུབ་དང་། ནུབ་བྱང་རྒྱུད་ལ་ཁ་རླུང་འཚུབ་ལ་དོགས། སྤྱིའི་འབབ་ཚེས་1、4、5、7、9、12、13、15、17、21、23、28、30བཅས་ཀྱི་སྐོར་ལ་ཡིན།