དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སྒྲུང་གཏམ་གྱི་དཔེ་མཚོན་མི་སྣའི་སྒྱུ་རྩལ་སྣང་བརྙན་འབྲི་བཞེངས་བྱ་ཐབས་སྐོར་རོབ་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-09-18

    དང་པོ། སྒྲུང་གཏམ་གྱི་བྱུང་བ་མདོ་ཙམ་བརྗོད་པ།

    སྒྲུང་གཏམ་ནི་བོད་མི་རིགས་ཀྱི་རྩོམ་རིག་རིན་ཆེན་བང་མཛོད་ནང་གི་ཁྱད་ནོར་ཞིག་རེད། ནང་དོན་རྒྱ་ཆེ་ལ་གཏིང་ཟབ་ཅིང་སྒྱུ་རྩལ་གྱིས་ཀུན་ནས་ཕྱུག་པ། ལོ་རྒྱུས་ཀྱི་རྒྱུན་རིང་བའི་ལྷ་སྒྲུང་དཔེར་ན《རྟ་རྐྱང་དབྱེ་བའི་རབས》 《རོ་ལངས་གསེར་སྒྲུབ་ཀྱི་སྒྲུང》སོགས་དང་ཡང་ན། དེང་རབས་ཀྱི་བརྩམས་སྒྲུང་སྟེ《སད་ཀྱིས་བཅོམ་པའི་མེ་ཏོག》དང《གཙུག་གཡུ》ལ་སོགས་སུ་དཔེ་མཚོན་མི་སྣའི་སྣང་བརྙན་འབྲི་བཞེངས་ལེགས་པར་བྱས་ནས། སྒྱུ་རྩལ་གྱི་རིན་ཐང་དང་ཁྱད་ཆོས་འབུར་དུ་ཐོན་ནས། ཀློག་པ་པོའི་ཡིད་ཀྱི་དང་བ་གཅིག་གྱུར་དུ་འཕྲོག་པ་དང་མི་སྣའི་སྣང་བརྙན་དེ་དག་ཀྱང་མིག་ལམ་དུ་ཡང་ཡང་འཆར། དེ་བས་འདིར་བརྩམས་སྒྲུང་གསར་རྩོམ་ལས་ལ་འཇུག་དུས་མི་སྣའི་སྣང་བརྙན་འབྲི་བཞེངས་བྱེད་པའི་གལ་ཆེའི་རང་བཞིན་དང་དེའི་ཐབས་ལམ་སྐོར་ལ་ནུས་པས་ལྕོགས་ཚོད་ཀྱིས་རགས་རིམ་ཙམ་གླེང་བ་ཡིན།

    སྒྲུང་གཏམ་ནི་མི་སྣའི་སྣང་བརྙན་འབྲི་བཞེངས་བྱེད་རྒྱུ་གཙོ་བོར་འཛིན་ཞིང་གཏམ་རྒྱུད་ཀྱི་བྱུང་རིམ་ཆ་ཚང་བར་བརྗོད་ནས་སྤྱི་ཚོགས་ཀྱི་འཚོ་བ་མཚོན་པའི་རྩོམ་རིག་གི་རྣམ་པ་ཞིག་རེད། རང་ཅག་གི་ལོ་རྒྱུས་ལ་མཚོན་ནས་བཤད་ན་སྒྲུང་སྣ་ཚོགས་དང་ངག་རྒྱུན། དེ་བཞིན་སྐྱེས་རབས་རྟོགས་བརྗོད། ལེགས་བཤད་ཀྱི་འབྲེལ་བ་འཕེལ་བ་ལས་བྱུང་བའི་དོན་བརྗོད་རྩོམ་རིག་གི་རྣམ་པ་གལ་ཆེན་ཞིག་རེད། དེ་ལ་སྒྲུང་གཏམ་རིང་བ་དང་འབྲིང་བ། ཐུང་བ་དང་ཆེས་ཐུང་བ་སོགས་ཀྱི་དབྱེ་བ་ལས་དངོས་འབྲིའི་སྒྲུང་གཏམ་དང་རབ་རྟོག་སྒྲུང་གཏམ་སོགས་ཡོད་མོད། སྒྲུང་གཏམ་གྱི་འབྱུང་ཁུངས་ནི་ལོ་ངོ་སྟོང་ཕྲག་དུ་མའི་སྔ་རོལ་དུ་བྱུང་བའི་ལྷ་སྒྲུང་ངག་རྒྱུན་དང་དམངས་ཁྲོད་གཏམ་རྒྱུད་རེད། རང་རེའི་བོད་ཀྱི་སྒྲུང་གཏམ་གྱི་འབྱུང་ཁུངས་ནི་བོད་ཀྱི་གདོད་མའི་སྤྱི་ཚོགས་སུ་བྱུང་བའི་ལྷ་སྒྲུང་ཡིན་ཏེ། དཔེར་ན《རྟ་རྐྱང་དབྱེ་བའི་རབས》དང《རོ་ལངས་གསེར་སྒྲུབ་ཀྱི་སྒྲུང》《མ་སངས་ཀྱི་སྒྲུང》སོགས་རེད། དེ་དག་གི་རྨང་གཞིའི་སྟེང་ངག་རྒྱུན་དང་གཏམ་རྒྱུད་མང་དུ་བྱུང་བ་དང་། ཡང་དཔེར་ན། 《གཉའ་ཁྲི་བཙན་པོའི་ལོ་རྒྱུས》དང《གྲི་གུམ་བཙན་པོའི་ལོ་རྒྱུས》 《སྟག་རི་གཉན་གཟིགས་ཀྱི་ལོ་རྒྱུས》《གེ་སར་སྒྲུང》སོགས་དང་། འཆར་ཡན་རིང་ལུགས་ཀྱི་སྒྲུང་གཏམ《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》དང《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》དང་ད་ལྟའི་དངོས་ཡོད་རིང་ལུགས་ཀྱི་སྒྲུང་གཏམ་《གཙུག་གཡུ》དང《སད་ཀྱིས་བཅོམ་པའི་མེ་ཏོག》སོགས་རིམ་གྱིས་བྱུང་བ་རེད།

    གཉིས་པ། སྒྲུང་གཏམ་གྱི་དཔེ་མཚོན་མི་སྣའི་སྒྱུ་རྩལ་སྣང་བརྙན་ཞེས་པའི་གོ་དོན་གསེད་བཀྲོལ་དང་སྦྲགས་ཏེ་འབྲི་བཞེངས་བྱ་ཐབས་སྐོར་སྤྱིར་བརྗོད་པ།

    དཔེ་མཚོན་ལྡན་པའི་སྒྱུ་རྩལ་གྱི་སྣང་བརྙན་ཞེས་པ་ནི། གཅིག་ནས་མངོན་པར་གསལ་ཞིང་ཐུན་མོང་མ་ཡིན་པའི་རང་གཤིས་ལྡན་པ་དང་། གཉིས་ནས་སྤྱི་ཚོགས་ངེས་ཅན་ཞིག་གི་ངོ་བོ་མཚོན་ཞིང་། ཐུན་མོང་མ་ཡིན་པའི་གཤིས་ཀ་ལྡན་པའི་མི་སྣའི་སྣང་བརྙན་མངོན་པར་མཚོན་གྱི་ཡོད།

    སྒྲུང་གཏམ་གྱི་ལས་འགན་ནི་གསོན་ཉམས་ལྡན་ཞིང་། སྐྱེ་སྟོབས་ཀྱི་དཔལ་འབར་བའི་མི་སྣ་འབྲི་བཞེངས་བྱ་རྒྱུ་དེ་ཡིན་ཞིང་། དེ་ཡང་ཡུས་ཀྲུའུ་ཡིས་བརྩམས་པའི《སྒྲུང་གཏམ་གསར་རྩོམ་གྱི་ཤེས་བྱ་མུན་སེལ་སྒྲོན་མེ》ཞེས་པར“སྒྲུང་གཏམ་གསར་རྩོམ་བྱེད་པའི་ལས་འགན་གཙོ་བོའི་ནང་གི་གཙོ་བོ་ནི་འཚོ་བ་དངོས་གཞིར་བཟུང་མི་སྣ་རྣམ་པ་སྣ་ཚོགས་གསར་སྐྲུན་བྱས་ཏེ། མང་ཚོགས་ལ་རམ་འདེགས་ཀྱིས་ལོ་རྒྱུས་མདུན་དུ་སྐྱོད་པར་སྐུལ་འདེད་གཏོང་དགོས”ཞེས་གསུངས་པ་ལྟར་མི་སྣ་འབྲི་བཞེངས་ནམ་ཡང་སྒྲུང་གཏམ་གསར་རྩོམ་གྱི་སྲོག་ཤིང་ཡིན་པ་གོར་མ་ཆག་ལ། སྒྲུང་གཏམ་ཞིག་གི་སྒྱུ་རྩལ་གྱི་ཆུ་ཚད་མཐོ་དམན་དང་བཟང་ངན་ཡང་ཚད་གཞི་འདིས་འབྱེད་པ་ཡིན་པས། གཤམ་དུ་སྒྲུང་གཏམ་གྱི་སྲོག་ཤིང་དུ་འགྱུར་བའི་དཔེ་མཚོན་མི་སྣའི་སྒྱུ་རྩལ་གྱི་སྣང་བརྙན་འབྲི་བཞེངས་བྱ་ཐབས་གཙོ་བོ་ཁག་མདོར་བསྡུས་ཙམ་གླེང་བར་བྱའོ། །

    གསུམ་པ། བྱེ་བྲག་ཏུ་མི་སྣའི་སྣང་བརྙན་འབྲི་བཞེངས་བྱ་ཐབས་ཁག་ལྔ་བརྗོད་པ།

    1、 ཁྱད་ཆོས་བཟུང་ནས་འབྲི་བཞེངས་བྱ་ཐབས།

    འཚོ་བའི་ཁྲོད་དུ་མི་རེ་རེའི་བྱད་བཞིན་དང་ཉམས་སྣང་ནི་སོ་སོར་ཁྱད་ཆོས་ལྡན་པ་ལས་ཕྱོགས་ཀུན་ནས་གཅིག་མཚུངས་ཤིག་གཏན་ནས་ཡོད་མི་སྲིད། དེར་བརྟེན་མི་སྣའི་བྱད་བཞིན་འབྲི་བཞེངས་བྱེད་པར་ངེས་པར་དུ་དེའི་ཁྱད་ཆོས་འཛིན་ཐུབ་པ་དང་ཁྱད་ཆོས་འབུར་དུ་ཐོན་དགོས་ཏེ། དེ་ལྟར་ཁྱད་ཆོས་མངོན་གསལ་དོད་ཚེ་མི་རྣམས་ཀྱི་ཡིད་དབང་འཕྲོག་ཅིང་ཡུན་རིང་དུ་བརྗེད་མི་ཐུབ་པའི་ཡོན་ཏན་ལྡན་པ་མ་ཟད། མི་སྣ་གང་དེའི་རང་བཞིན་མངོན་པར་སྟོན་པ་དང་། རྩོམ་པ་པོའི་བསམ་པའི་འགྱུར་བ་རྗེན་པར་མཚོན་ཐུབ་ཕྱིར། འབྲི་བཞེངས་བྱེད་ཐབས་གཞན་གང་གིས་ཀྱང་འགྲན་མི་ནུས་པའི་དགེ་མཚན་ཆེན་པོ་ཐོན་ངེས།

    2、 མི་སྣའི་མིག་དབང་དང་མིག་ཉམས་ལ་བརྟེན་ནས་འབྲི་བཞེངས་བྱ་ཐབས།

    བྱད་བཞིན་གྱི་ཁྱད་ཆོས་བཟུང་ནས་ཞིབའབྲི་ཡག་པོ་ཞིག་བྱེད་དགོས་ན། འདིར་ཧ་ཅང་གལ་ཆེ་བའི་མྱོང་གྲུབ་ཅིག་ནི་མི་སྣའི་མིག་དབང་དང་མིག་མདངས་འབྲི་བར་གཙིགས་སུ་འཛིན་དགོས་ཞེས་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་བརྗོད་པ་ཡིན། ལུའུ་ཞུན་གྱིས་གསུང་པར་འདིར་སུས་བཤད་པ་མ་ཤེས་མོད། འོན་ཏེ་གང་ལྟར་ཡང་སྣག་ཆུ་ཧ་ཅང་ཉུང་བའི་སྒོ་ནས་མི་ཞིག་གི་ཁྱད་ཆོས་བྲིས་ན། དེའི་མིག་དབང་གཉིས་འབྲི་བར་གཅེས་སུ་འཛིན་དགོས་པར་འདོད་ཅེས་པ་ནི་ཤིན་ཏུ་འཐད་དེ། གལ་སྲིད་མགོའི་སྐྲ་ཚོགས་ཁོ་ན་བྲིས་ཚེ་བྲིས་པ་བདེན་པར་སྣང་ཡང་སྙིང་པོ་ཅི་ཡང་མེད་དོ་ཞེས་དང་། ཡང་ཨ་ཐོར་སི་ཐེས་མིག་དབང་གཉིས་པོ་ནི་ཚོར་བ་དེ་འདྲ་མནོ་བའི་དབང་པོ་ཞིག་ཡིན་ཕྱིར། དེའི་ཁྱད་ཆོས་ལ་བརྟེན་ནས་སྐད་ཆ་ཤོད་མཁན་གྱི་ཡིད་ཀྱི་འགྱུར་བ་ཇི་འདྲ་ཞིག་ཡིན་པ་བློས་དཔོག་ཐུབ་པ་ཡིན་ནོ་ཞེས་གསུངས་པ་ལྟར་རོ། །

    3、 མི་སྣའི་བྱད་བཞིན་ལ་བརྟེན་ནས་འབྲི་བཞེངས་བྱ་ཐབས།

    བྱད་བཞིན་ལ་བརྟེན་ནས་སེམས་ཀྱི་འགྱུར་བ་མཚོན་པ་ཞེས་པ་ནི། བྱད་བཞིན་འབྲི་བཞེངས་ལ་བརྟེན་ནས་མི་སྣའི་རང་བཞིན་མཚོན་པ་དང་། མི་སྣའི་བསམ་པའི་སྣང་བ་མངོན་གསལ་དུ་གཏོང་བ་ལ་ཟེར། དེ་ནི་བྱད་བཞིན་འབྲི་བཞེངས་ཀྱི་རྩ་བའི་དམིགས་གཏད་ཀྱང་ཡིན་པས་བྱད་བཞིན་འབྲི་བཞེངས་ཤིན་ཏུ་ལེགས་ན་མི་སྣའི“སེམས་ཀྱི་འགྱུར་བ”གསོན་ཉམས་ལྡན་པའི་སྒོ་ནས་མཚོན་པ་དང་། མི་རྣམས་ཀྱི་བསམ་པར་ཁ་ལོ་སྒྱུར་བའི་སྒྱུ་རྩལ་གྱི་སྟོབས་ཤུགས་ཀྱང་ལྡན་ངེས།

    4、མི་སྣའི་བྱ་སྤྱོད་ལ་བརྟེན་ནས་འབྲི་བཞེངས་བྱ་ཐབས།

    འཚོ་བའི་ཁྲོད་ཀྱི་མི་སྣའི་གཤིས་ཀ་དང་བྱ་སྤྱོད་ནི་གཅིག་མཚུངས་ཤིག་མིན་སྟབས། གཤིས་ཀ་གང་འདྲ་ཞིག་ལྡན་པ་དེས་བྱ་སྤྱོད་གང་འདྲ་ཞིག་སྤེལ་མིན་གཏན་འཁེལ་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོས་མི་སྣའི་སྣང་བརྙན་འབྲི་བཞེངས་བྱེད་སྐབས་ངེས་པར་དུ་མི་སྣའི་བྱ་སྤྱོད་ཞིབ་འབྲི་བྱེད་པར་དོ་སྣང་བྱེད་དགོས། དེ་ཡང་ཀོར་ཅིས་གསུངས་པ་བཞིན་སྒྱུ་རྩལ་གྱི་རྩོམ་རིག་ལ་མི་རྣམས་ཀྱི་ཡིད་འཕྲོག་པའི་སློབ་གསོའི་ཡོན་ཏན་ཞིག་ལྡན་དགོས་ན། ངེས་པར་དུ་མི་སྣ་གཙོ་བོ་དེ་དག་ལ་དོན་མང་པོ་སྒྲུབ་པ་དང་སྐད་ཆ་ཉུང་ཉུང་ཤོད་དུ་འཇུག་དགོས་སོ་ཞེས་གསུངས་པ་ལྟར་མི་སྣའི་ལུས་ཀྱི་བྱ་སྤྱོད་ལས་ནང་སེམས་ཀྱི་འགྱུར་བ་མངོན་ཐུབ་པ་མ་ཟད། མི་སྣས་བྱ་བ་ཅི་ཞིག་བརྩམས་རུང་སེམས་ཀྱི་འགྱུར་བ་དེ་སྔོན་དུ་སོང་ནས་རིམ་བཞིན་མི་སྣའི་བྱ་འགུལ་དེ་ཐོན་པ་ཡིན་སྙམ།

    5、 མི་སྣའི་གཏམ་བརྗོད་ལ་བརྟེན་ནས་འབྲི་བཞེངས་བྱ་ཐབས།

    མི་སྣའི་གཏམ་བརྗོད་འབྲི་བཞེངས་བྱ་ཐབས་ཞེས་པ་ནི། སྒྲུང་གཏམ་གསར་རྩོམ་བྱེད་པའི་ཚེ་མི་སྣས་གྲོས་མོལ་བྱས་པ་མཐའ་དག་ཞིབ་འབྲི་བྱེད་པ་དེ་ལ་བཤད་པ་ཡིན། དེའི་ནང་དུ་མི་གཉིས་ཕན་ཚུན་གླེང་མོལ་བྱེད་པའམ་མི་མང་པོས་བཤད་པ། ཡང་ན་མི་གཅིག་གིས་ཆིག་ལབ་རྒྱག་པ་དང་གཏམ་བཤད་པ་བཅས་འདུས་ཡོད་དེ། དེ་དག་གི་ཕན་ནུས་ཆེས་གཙོ་བོ་ནི་སྐད་ཆ་ལ་བརྟེན་ནས་མི་སྣ་འབྲི་བཞེངས་བྱེད་པ་དང་མི་སྣའི་རང་བཞིན་འབུར་དུ་ཐོན་པ་དེ་ཡིན་ནོ། །

    མདོར་ན། སྒྲུང་གཏམ་གྱི་དཔེ་མཚོན་མི་སྣའི་སྒྱུ་རྩལ་སྣང་བརྙན་དེ་རྩོམ་ཡིག་ཧྲིལ་པོའི་སྲོག་ཤིང་ལྟ་བུར་གྲུབ་ལ། མི་སྣ་གཙོ་བོའི་སྒྱུ་རྩལ་སྣང་བརྙན་འབྲི་བཞེངས་ཐབས་ལ་ཡང་མང་དག་ཅིག་མཆིས་རུང། འདིར་རང་ངོས་ནས་གཙོ་བོའི་འབྲི་བཞེངས་བྱ་ཐབས་འགར་ཅུང་ཟད་གླེང་ཁུལ་བྱས་ཡོད་རུང་དོན་ལ་གནས་དཀའ་བས་དྲན་དབང་མཆོག་ནས་དག་སེལ་ཡོད་པ་མཁྱེན། (ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་སློབ་འབྲིང་གི་བོད་ཡིག་དགེ་རྒན། ཟླ་བ་སྒྲོལ་མ)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།