བོད་འགྱུར་ནུབ་ཕྱོགས་མཚན་ཉིད་རིག་པའི་བརྡ་ཆད་འགར་དཔྱད་པ།
མཚན་ཉིད་རིག་པ་ནི་མིའི་རིགས་ཀྱི་བསམ་གཞིག་གི་ཉིང་བཅུད་དང་བསམ་བློ་མཐའ་དག་གི་ཏོག་ཏུ་སྣང་པས། མཚན་ཉིད་ཀྱི་བསམ་བློ་དེ་ནི་མི་རིགས་སོ་སོས་རང་ཉིད་ཀྱི་བླ་སྲོག་ཏུ་སྒོམ་ཞིང་། རང་ཉིད་ཀྱི་རིན་ཐང་ལྟ་བ་དང་། མཛེས་དཔྱོད་མྱོང་བ། ཀུན་སྤྱོད་ཀྱི་སྒྲོམ་གཞི། བསམ་ཞིབ་བྱེད་སྟངས་སོགས་ཕྱོགས་གང་ས་ཅི་ཐད་ནས་གཟུགས་སྣང་དང་གཟུགས་མེད་ཀྱི་རྣམ་པའི་སྒོ་ནས་ཁ་ལོ་བྱས་ཡོད། བོད་དུ་མཚན་ཉིད་ཀྱི་རིག་པ་གནའ་ནས་དར་ཡོད་པ་མ་ཟད། ནང་བསྟན་གྱི་བཀའ་བསྟན་གཙོས་པའི་ཡིག་སྒྱུར་ལོ་རྒྱུས་ཀྱི་བརྗོད་བྱའི་དོན་གྱི་སྲོག་ཤིང་དུ་གྱུར་བ་ནི། ནང་བསྟན་མཚན་ཉིད་རིག་པ་ཡིན་ཞེས་བརྗོད་ན་ཚད་བརྒལ་རང་བསྟོད་ཀྱི་གནས་སུ་གྱུར་མེད། གནམ་གྱིས་ས་བཀབ་པ་ལྟ་བུའི་ལོ་ཙཱ་བ་དག་གིས་མཚན་ཉིད་རིག་པའི་བསྟན་བཅོས་སྣ་ཚོགས་ལེགས་སྦྱར་སོགས་ལ་བསྒྱུར་ཅིང་གཏན་ལ་ཕབ་ཡོད། ལོ་རྒྱུས་འཕེལ་འགྱུར་གྱི་རྩིབས་སྟོང་འཁོར་ལོ་དུས་རབས་ཉེར་གཅིག་པར་སླེབས་སྐབས། དངོས་པོའི་དཔལ་ཡོན་གྱི་ཐད་ནས་ཚན་རྩལ་གསར་པའི་འཕེལ་འགྱུར་གྱི་ཡོ་ལང་རྣམ་པར་དབྱེ་ཞིང། མིའི་རིགས་ཀྱི་འཚོ་བའི་སྤྱོད་སྟངས་ལ་བཟང་ངན་གཉིས་ཐད་ནས་འགྱུར་བ་དཔོག་དཀའ་བ་ཕྱིན་ཡོད། དེ་དང་ཆབས་ཅིག བསམ་པའི་དཔལ་ཡོན་གྱི་ཐད་ནས། མི་རིགས་དང་རྒྱལ་ཁབ་སོ་སོས་ནུབ་ཕྱོགས་མཚན་ཉིད་རིག་པ་གཙོས་པའི་རིག་ཚན་སྣ་ཚོགས་རྒྱུས་ལོན་དང་། སློབ་སྦྱོང་། ཞིབ་འཇུག་བཅས་བྱེད་པའི་རྣམ་པ་ཞིག་ཆགས་ཡོད། ཚན་རྩལ་གསར་པའི་གྲུབ་འབྲས་ལོངས་སུ་སྤྱོད་པ་དང་ཆབས་ཅིག ནུབ་ཕྱོགས་མཚན་ཉིད་རིག་པ་གཙོས་པའི་རིག་ཚན་སྣ་ཚོགས་སློབ་སྦྱོང་། བོད་ཡིག་ལ་བསྒྱུར་བའི་བྱ་བ་ནི་ཆར་རྗེས་ཀྱི་སྤང་ལ་ཤ་མོ་བརྡོལ་བ་བཞིན་བྱུང་དང་འབྱུང་བཞིན་པ་ནི་མིག་མཐོང་ལག་ཟིན་རེད།
སྤྱིར་ན་ནུབ་ཕྱོགས་མཚན་ཉིད་རིག་པ་བོད་ཡིག་ལ་བསྒྱུར་བ་ནི། བོད་བརྒྱུད་ནང་བསྟན་གྱི་མཚན་ཉིད་ཀྱི་བསམ་གཞིག་བྱེད་སྟངས་དང་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་གཉིས་གཤིབ་བསྡུར་མཁས་པོའི་ངང་ནས། བོད་རིགས་ཀྱི་མཚན་ཉིད་ཀྱི་བསམ་བློ་སྔར་བས་གྲ་རྒྱས་ཕུན་སུམ་ཚོགས་སུ་གཏོང་བའི་རྒྱུ་རུ་འགྱུར་སྲིད་པས། ནུབ་ཕྱོགས་མཚན་ཉིད་རིག་པའི་གཞུང་ལུགས་གསར་པ་དེ་དག་ལ་དོ་སྣང་མེད་པའི་ངང་ཚུལ་མ་བཟུང་བར། རིག་གནས་བང་མཛོད་ཕུན་སུམ་ཚོགས་སུ་གཏོང་བའི་བསམ་པ་བཅངས་ནས་ནུབ་ཕྱོགས་མཚན་ཉིད་ཀྱི་གཞུང་ལུགས་ཡང་དག་འཁྲུལ་མེད་ཅིག་བསྒྱུུར་རྒྱུ་ནི་དགོས་གལ་ཤིན་ཏུ་ཆེ། ཡིན་ན་ཡང་ལོ་ཙཱ་བ་སོ་སོའི་ཡོན་ཚད་དང་། དོན་ལ་གོ་བའི་ཟབ་ཚད། བསམ་གཞིག་གི་ཟུར་ངོས་མི་འདྲ་བའི་དབང་གིས་བོད་འགྱུར་ནུབ་ཕྱོགས་མཚན་ཉིད་རིག་པའི་མིང་བརྡ་མང་དག་ཅིག་དོན་དང་འགལ་བ། དོན་གཅིག་ལ་བརྡ་ཆད་སྣ་ཚོགས་སུ་གདགས་པའི་གཅིག་གྱུར་མིན་པའི་སྣང་ཚུལ་མང་པོ་འབྱུང་བཞིན་པས། འདིར་རང་ཉིད་ཀྱིས་བརྡ་ཆད་བསྒྱུར་སྐབས་འཚོལ་བཟོ་གཡར་གསུམ་གྱི་བྱ་ཐབས་ཆེན་མོ་གསུམ་གཞིར་བཟུང་ནས་བོད་འགྱུར་ནུབ་ཕྱོགས་མཚན་ཉིད་རིག་པའི་བརྡ་ཆད་ཁྲོད་གནས་པའི་གནད་དོན་འགའ་ཤས་རགས་ཙམ་གླེང་བར་བྱ།
གཅིག སྔར་ཡོད་མཚན་ཉིད་རིག་པའི་བརྡ་ཆད་བཀོལ་སྤྱོད་མི་བྱེད་པའི་སྐྱོན།
ས་པཎ་གྱི་མཁས་འཇུག་ལས། བརྡ་སྤྲོད་བྱེད་པ་འདོད་རྒྱལ་སྒྲ།། དོན་ཆེན་སྒྲུབ་པ་མ་གཏོགས་པ།། སླན་ཆད་མི་སྦྱོར་དོན་དེ་ལ།། བརྡ་འཇུག་ན་ཡང་མི་རྟོགས་ཕྱིར་ཅེས་གསུངས་པ་ལྟར། གངས་རིའི་ལྗོངས་འདིར་སྔོན་བྱུང་ལོ་ཙཱ་བ་ཚོས་བཅུ་ཕྲག་རིག་པའི་བསྟན་བཅོས་གྲངས་ལས་འདས་པ་བསྒྱུར་ཅིང་གསར་དུ་མཛད་པས་ན། ནང་བསྟན་མཚན་ཉིད་ཀྱི་བརྡ་ཆད་ཕུན་སུམ་ཚོགས་པ་ནི་བསྙོན་མེད་ཡིན་པས། སྔར་བྱུང་གི་ལོ་རྒྱུས་ཀྱི་ཆུ་རྒྱུན་ཁྲོད་ནས་ཁས་ལེན་ཁག་ཐེག་ཐོབ་ཅིང་། རྒྱུན་འབྱམས་སྤྱོད་རྒྱ་ཆེ་བའི་བརྡ་ཆད་ཡོད་བཞིན་དུ་གསར་བསྒྱུར་གྱི་ལས་ལ་གཞོལ་བ་ནི་རྒྱ་མཚོ་ལོགས་སུ་བསྐྱུར་ནས་ཀོ་གྱོང་མཆིལ་མས་སྦངས་པའི་དཔེ་རུ་འགྱུར་སྲིད་པས། སྒྱུར་བྱེད་བུ་ཡིག་གི་ཁྲོད་མ་ཡིག་དང་བརྗོད་དོན་གཅིག་མཚུངས་སུ་སྟོན་ཐུབ་པའི་བརྡ་ཆད་གནས་སྐབས། ལོ་ཙཱ་བས་སྔོན་བྱུང་གི་བསྟན་བཅོས་ཁྲོད་བརྡ་ཆད་སྔོག་འཚོལ་མི་བྱེད་པའི་འོལ་ཚོད་སླ་འཆོས་ཀྱི་སྐྱོན་སྤང་ནས། མིང་བརྡ་སྔོག་འཚོལ་གྱི་ལས་ལ་ཧུར་ཐག་གིས་གཞོལ་དགོས། སྒྲ་སྦྱོར་བམ་གཉིས་ལས་ཀྱང་སྐད་ཀྱི་ལུགས་བཀས་བཅད་པ་སུས་ཀྱང་འཆོས་ཤིང་མིང་གསར་དུ་འདོགས་སུ་མི་གནང་ཞེས་བརྡ་ཆད་ཀྱི་གཏན་འཇགས་རང་བཞིན་ལ་བཀས་བཅད་ཅིང། དོན་གཅིག་ལ་གདགས་གཞི་མི་འདྲ་བ་འབྱུང་བར་སྔོན་འགོག་བྱས་ཡོད། རྗེས་རབས་ཀྱི་ལོ་ཙཱ་བ་ཚོས་ཀྱང་ལུགས་དེ་གཞིར་བཟུང་ནས། བསྟན་བཅོས་བསྒྱུར་ཅིང་མཛད་པས་ན། ནང་བསྟན་མཚན་ཉིད་རིག་པའི་བརྡ་ཆད་ནི་ཕྱོགས་ཡོངས་ནས་གཅིག་གྱུར་གྱི་རྣམ་པར་གནས་ཡོད། འོན་ཀྱང་དེང་སྐབས་ནུབ་ཕྱོགས་མཚན་ཉིད་རིག་པར་འཇུག་མཁན་གྱི་ལོ་ཙཱ་བ་སོ་སོས་སྔར་ཡོད་ཀྱི་བརྡ་ཆད་སྔོག་འཚོལ་མི་བྱེད་པ་མ་ཟད། བརྡ་ཆད་ཀྱི་གཏན་འཇགས་རང་བཞིན་སྣང་མེད་དུ་བྱས་ནས་བསྒྱུར་བའི་དཔེ་ཤིན་ཏུ་མང་སྟེ། རེ་རེ་བཞིན་བཀོད་ན་མང་དྲགས་པས་དཔེ་མཚོན་འགའ་བཀོད་ན།
哲学ཡི་སྐད་དོད་ལ་མཚན་ཉིད་རིག་པ་ཞེས་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པ་ནས་མཁས་མང་དབུས་ཀྱི་འདུན་ས་ནས་དཔྱད་ཅིང་གཏན་ལ་ཕབ་ཟིན་པ། གཅིག་གྱུར་གཏན་ཆགས་ཟིན་པའི་བརྡ་ཆད་ཅིག་ཡིན་སྲིད་མོད། ད་སྐབས་ལ་ལས་ཤེར་རྟོགས་རིག་པ་ཞེས་གསར་དུ་བསྒྱུར་བ་ལ། བརྡ་སྤྲོད་སྨྲ་བའི་དབང་བོ་དཔའ་རིས་སངས་རྒྱས་ཀྱིས། ཤེར་རྟོགས་རིག་པ་ཞེས་པ། མིང་གི་རྣམ་གྲངས་གསུམ་ཕྱོགས་གཅིག་ཏུ་བསྡུས་པ་ཡིན། ཞྭ་མོ་གསུམ་བརྩེགས་ནས་གོན་ན་ཡག་རྒྱུ་ཅི་ཡོད། སྐད་ཆ་རྙོག་རྫོབ་ཏུ་བཏང་ནས་བརྡ་མི་འཕྲོད་པར་བྱེད་པ་ཡིན་ཞེས་པ་ནི་དོན་ལ་གནས་པའི་གཏམ་དུ་སྣང་། 哲学ཡི་སྐད་དོད་ལ་མཚན་ཉིད་རིག་པ་སྦྱར་བ་ནི་དོན་དང་གནས་པར་འདོད་དེ། མཚན་ཞེས་པ་ནི་ཀུན་རྫོབ་ཕྱིའི་མི་རྟག་པ་སྟེ། འགྱུར་བའི་སྣང་ཚུལ་ཅན་ལ་བསྟན་པ་དང་། ཉིད་ཅེས་པ་ནི་འགྱུར་བ་མི་རྟག་པ་ལས་ལྡོག་པའི་རྟོག་པའི་ཆ་དེ། དོན་དམ་པའི་ངོ་བོ་མཚོན་ཡོད། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། འཇིག་རྟེན་ཐོག་གི་བྱ་བ་དང་དངོས་པོ་ཚང་མར་ཕྱིའི་སྣང་ཚུལ་དང་ངོ་བོ་གཉིས་ཡོད་པའི་ནང་ནས་ངོ་བོ་ངོ་མ་དེ་ངོས་འཛིན་བྱེད་སྐབས་རང་རང་སོ་སོའི་ཕྱིའི་སྣང་ཚུལ་བརྒྱུད་ནས་ངོས་འཛིན་བྱེད་པ་མ་གཏོགས། ཕྱིའི་སྣང་ཚུལ་དེ་མ་བརྒྱུད་པར་ངོ་བོ་ངོ་མ་དེ་ངོས་འཛིན་བྱེད་མི་ཐུབ། ཕྱིའི་སྣང་ཚུལ་དེ་ནི་ངོ་བོ་མཚོན་པའི་རྟགས་མཚན་ཡིན་པས། དེ་ལ་མཚན་མ་ཟེར་ཞིང་། སྣང་ཚུལ་དེ་ལ་ངེས་ཅན་གྱི་ངོ་བོ་དང་ཆོས་ཉིད་ཡོད་པས། དེ་འདྲའི་མཚན་མ་དང་། ཆོས་ཉིད་གཉིས་ཟུང་དུ་འབྲེལ་ནས་བརྟག་དཔྱད་བྱ་ཐབས་ཀྱི་རིག་པ་དེ་ལ་མཚན་ཉིད་རིག་པ་ཞེས་པའི་མིང་བཏགས་པ་རེད།”ཅེས་哲学ཡི་སྐད་དོད་ལ་མཚན་ཉིད་རིག་པ་བཏགས་པ་ནི་དོན་དང་མཐུན་པར་བསྟན་ཡོད།
ཡང་མཚན་ཉིད་རིག་པའི་གྲུབ་ཆ་གཙོ་བོ་概念ཟེར་བའི་སྐད་དོད་ལ་མིང་བརྡ་སོགས་སུ་བསྒྱུར་བ་ནི་བོད་ཀྱི་རིག་གནས་ལ་རྒྱུས་མེད་པའི་རྟགས་ཏེ། ནུབ་ཕྱོགས་མཚན་ཉིད་རིག་པའི་ཁྲོད་概念ནི་ཕྱི་དོན་གྱི་ངོ་བོའི་རིགས་ཚུར་སྣང་བྱེད་པའི་རྟོག་པའི་རྣམ་པ་ཞིག་ཡིན་པས་ན། བོད་ཀྱི་སྔར་ཡོད་བརྡ་ཆད་མིང་སྦྱོར་རྟོག་པ་རུ་བསྒྱུར་ན་དོན་ལ་གནས་ཏེ། བརྡ་དུས་ཀྱི་མིང་དང་ཐ་སྙད་དུས་ཀྱི་དོན་སྦྱོར་ནས་འཛིན་པའི་ཞེན་རིག་དེ་མིང་སྦྱོར་རྟོག་པའི་མཚན་ཉིད་ཅེས་ནུབ་ཕྱོགས་མཚན་ཉིད་རིག་པའི་བརྡ་ཆད་概念དང་ཤིན་ཏུ་ཉེ། 存在ཡི་སྐད་དོད་ལ་ཡོད་པ་ཞེས་བསྒྱུར་བའི་སྣང་ཚུལ་མཆིས་མོད། ཡོད་པ་ལས་གཞི་གྲུབ་ཏུ་བསྒྱུར་ན་སྤྱིའི་ཆ་ནས་ཡོད་པ་དང་གཞི་གྲུབ་དོན་གཅིག་མིང་གི་རྣམ་གྲངས་སུ་ཆགས་ཡོད་མོད། གཞི་གྲུབ་སུ་བསྒྱུར་ན་ལེགས་པ་ནི། ཡོད་པ་ལས་གཞི་གྲུབ་ཅེས་པའི་ཐ་སྙད་ལ་མཚན་ཉིད་ཀྱི་བྲོ་བས་ཕྱུག་པ་དང་། ཡོད་པ་ནི་རྒྱུན་སྤྱོད་ཀྱི་འཚོ་བའི་ཁ་བརྡའི་ཁྲོད་གནས་པས་ན། མཚན་ཉིད་ཀྱི་བརྡ་ཆད་ཁྲོད་བེད་སྤྱོད་བྱས་ན་སྤྱིར་བཏང་གི་བྱ་དངོས་ཡོད་པ་ཙམ་དང་ཡང་ན། དེ་ལས་ལྡོག་པའི་མེད་པ་ཙམ་ལ་གོ་བ་ལོག་པར་ལེན་པའི་ཉེན་ཁ་འབྱུང་བས་ན་གཞི་གྲུབ་སུ་བསྒྱུར་ན་དོན་དང་གནས་ལ་མཚན་ཉིད་རིག་པའི་བྲོ་བས་ཀྱང་ལེགས་པར་ཕྱུག་ཡོད། ནུབ་ཕྱོགས་མཚན་ཉིད་རིག་པའི་མ་ལག་འཛུགས་མཁན་པོ་ལ་ཐོའི(plato)ལྟ་དགོངས་གཙོ་བོ་མཚོན་པའི་བརྡ་ཆད་理念གྱི་སྐད་དོད་ལ་ལས་སྣང་དང་། རྟོགས་སྣང་། བློས་བརྙན། ཕུགས་སྣང་སོགས་འགྱུར་མི་འདྲ་བ་བྱུང་མོད། བོད་ཀྱི་སྔར་ཡོད་མིང་བརྡ་རྟོག་བཅོས་སུ་བསྒྱུར་ན་མ་ཡིག་གི་དོན་དང་ཉེ་ལ་མཚན་ཉིད་རིག་པའི་མིང་བརྡ་མཚོན་སྟངས་དང་ཡང་གཞི་གཅིག་ལ་འཁེལ་བས་འགྱུར་ཤིན་ཏུ་ལེགས་སྙམ། མདོར་ན། བོད་བརྒྱུད་ནང་བསྟན་མཚན་ཉིད་རིག་པ་དང་། ནུབ་ཕྱོགས་མཚན་ཉིད་རིག་པ་གཉིས་ཀྱིས་དངོས་དོན་ལས་འདས་པའི་ལྐོག་དོན་ནམ། གཟུགས་འདས་ཀྱི་གནས་ལུགས་མཐར་ཐུག་པ་ཞིག་འཚོལ་སྙེག་ལ་གཞོལ་བས། ཕྱོགས་གཉིས་ཆ་ལ་མཐུན་ཆོས་ཀྱི་མིང་བརྡའི་མཚོན་དོན་གནས་པའང་སྨྲོས་མེད་ཡིན། དེ་བས་ལོ་ཙཱ་བ་ཚོས་སྔར་ཡོད་མིང་བརྡ་གཟབ་ནན་གྱིས་སྔོག་འཚོལ་བྱེད་པ་ལས་གང་འདོད་འདོད་བསྒྱུར་མི་རུང་བ་ཤིན་ཏུ་གལ་ཆེ།
གཉིས། བསྒྱུར་བཟོ་བྱས་པའི་བརྡ་ཆད་དོན་ལ་མི་གནས་པའི་སྐྱོན།
སྤྱིར་བསམ་གཞིག་གི་གནད་འཛུགས་སྟངས་དང་། དོན་ལ་གཞིགས་སྟངས་སོགས་ནུབ་ཕྱོགས་མཚན་ཉིད་རིག་པ་དང་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་གཉིས་ལ་འདྲ་བའི་ཆ་མང་དུ་གནས་མོད། དེ་གཉིས་ནི་ཡུལ་ཁམས་ཁོར་ཡུག་དང་། མིའི་གཤིས་ལུགས། རིན་ཐང་ལྟ་བ་སོགས་ཕྱོགས་སྣ་མང་ནས་མི་འདྲ་བས་མཚན་ཉིད་རིག་པ་གཉིས་ལ་བར་ཁྱད་ཀྱི་ཆ་གནས་པའང་སྨྲོས་མེད་ཡིན། དེ་བས་ནུབ་ཕྱོགས་མཚན་ཉིད་རིག་པའི་བརྡ་ཆད་བོད་ཡིག་ལ་བསྒྱུར་སྐབས་ཨ་ན་ཨུ་ཚུགས་ཀྱིས་ནང་བསྟན་མཚན་ཉིད་རིག་པའི་བརྡ་ཆད་དག་དོན་ལ་མི་འབྱོར་ཡང་། དོན་འཁྲུལ་བ་སྟོན་བཞིན་དུ་མཁྲེགས་བསྒྱུར་བྱས་པའང་ཤིན་ཏུ་མང་སྟེ། དཔེར་ན། 潜意识ཡི་སྐད་དོད་ལ་ཀུན་གཞིའི་བག་ཆགས་སུ་བསྒྱུར་བ་ནི་ར་མགོ་ལུག་ལ་སྦྱར་བར་བསམས་ཏེ། 潜意识ཡི་མ་ཡིག་གི་དོན་ནི་མིའི་སེམས་ཁམས་ཀྱི་འགུལ་སྐྱོད་དང་ཡང་ན་སེམས་ཁམས་ཀྱི་གྲུབ་ཆའི་གསེང་ན་གནས་པའི་འདུ་ཤེས་མི་མངོན་པའི་ཆ་དེ་ལ་བརྗོད་ཅིང་། ཆ་དེ་ཡང་གཙོ་བོ་དབང་བོ་གཉིས་སྦྱོར་གྱི་འདུ་ཤེས་ཤས་ཆེ་བ་ལ་གོ འོན་ཀྱང་འགྱུར་གྱི་བརྡ་ཆད་ཀུན་གཞིའི་བག་ཆགས་ནི་ནང་པའི་སེམས་ཙམ་པ་ཁོ་ནས་འདོད་པའི་ཐ་སྙད་ཅིག་སྟེ། སའི་གཞི་ལས། སེམས་གང་ཞེ་ན། ས་བོན་ཐམས་ཅད་དང་ལྡན་པ་དང་། གནས་ཀྱི་དངོས་པོ་གྱུར་པ་དང་། གནས་ཀྱི་དངོས་པོར་གནས་པ་དང་། ལེན་པར་བྱེད་པ་རྣམ་པར་སྨིན་པས་བསྡུས་པ་ཀུན་གཞིའི་རྣམ་པར་ཤེས་པ་གང་ཡིན་པའོ”ཞེས་དང་དེའི་སྟེང་ལ་གནས་པའི་བག་ཆགས་ནི་དུང་དཀར་ཚིག་མཛོད་ལས། སེམས་ཙམ་པའི་ལུགས་སུ། བག་ཆགས་བགོ་བྱེད་རྣམ་ཤེས་ཚོགས་བདུན་པོ་གང་རུང་གིས་བགོ་གཞི་ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་དུ། ཕྱིས་བགོ་བྱེད་ཀྱི་ཆོས་དེ་འགག་ཀྱང་དེའི་རིགས་འདྲ་བའམ་འབྲས་བུ་བསྐྱེད་ནུས་པའི་ལག་རྗེས་ཀྱི་རྒྱུན་དེ་བག་ཆགས་ཞེས་བརྗོད་པ་ཡིན་ཞེས་པ་ལས་ཤེས་ཐུབ་པ་ནི། ཀུན་གཞིའི་བག་ཆགས་ནི་ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་དུ་དགེ་མི་དགེ་དང་། སྒྲུབ་ལུང་བསྟན་མ་བསྟན་གང་ཡིན་རུང་འཁོར་བ་ཐོག་མ་མེད་པ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་སུམ་གྱིས་རྒྱུད་ལ་སྐྱེས་རག་བར་གནས་ཡོད། 潜意识ནི་ཕྲུ་གུ་བཙས་མ་ཐག་པ་ནས་ད་གཟོད་ལུས་ངག་ཡིད་གསུམ་གྱི་སྦྱོར་བ་ལས་སྐྱེད་པའི་འདུ་ཤེས་མི་མངོན་པ་སྟེ། ཡུན་རིང་སེམས་སུ་ཉར་བ་ལས་བྱུང་བའི་མིའི་བསམ་སྦྱོར་ལ་ཁ་ལོ་བྱེད་མཁན་ཞིག་ལ་ཟེར་བས། བག་ཉལ་གྱི་འདུ་ཤེས་སུ་དོན་གསར་དུ་བསྒྱུར་ན་ལེགས་པར་སྙམ། 虚无ཡི་སྐད་དོད་དེ་སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པའི་ལྟ་དགོངས་མཐར་ཐུག་མཚོན་བྱེད་དེ། སྟོང་ཉིད་ལ་བསྒྱུར་བ་ནི་ཤིན་ཏུ་མི་ལེགས་ཏེ། 虚无ཡི་དོན་ནི་མིའི་རིགས་ཀྱི་ཐུན་མོང་གིས་བསྙེག་པའི་བདེན་དགེ་མཛེས་གསུམ་ལས་ལྡོག་པའི་སྐྱོ་སྣང་རིང་ལུགས་ཀྱི་ལྟ་བ་ཞིག་ལ་ཟེར་བས། སྟོང་ཉིད་དུ་བསྒྱུར་ན་སངས་རྒྱས་ཆོས་ལུགས་ཀྱི་མིང་བརྡ་གལ་ཆེན་སྟོང་པ་ཉིད་དང་འཛོལ་ཉེན་ཡོད། དེའི་ཕྱིར་虚无ཡི་སྐད་དོད་ལ་དོན་སྟོང་དུ་བསྒྱུར་ན་འགྲིག་པར་སྣང་། སྒྲ་སྦྱོར་བམ་གཉིས་ལས། སྔོན་ལྷ་ཡབ་སྲས་ཀྱི་རིང་ལ་ཨཱ་ཙ་རྱ་བོ་ངྷི་སཏྭ་དང་། ཡེ་ཤེས་དབང་བོ། ཞང་རྒྱལ་ཉེན་ཉ་བཟང་། ལྕེ་ཁྱི་འབྲུག་དང་། བྲམ་ཟེ་ཨ་ནནྟ་ལ་སོགས་པས་ཆོས་ཀྱི་སྐད་བོད་ལ་མ་གྲགས་པ་ལས་མིང་དུ་བཏགས་པ་དག་ཅིག་མཆིས་པའི་ནང་ནས་ཆོས་ཀྱི་གཞུང་དང་། བྱཱ་ཀ་ར་ཎའི་སྒྲའི་ལུགས་དང་མི་མཐུན་ཏེ། ཞེས་བསམ་ཡས་སྒྲ་སྒྱུར་གླིང་དུ། ཕྱོགས་བཞི་མཚམས་བརྒྱད་ནས་གདན་དྲངས་པའི་ལོ་པཎ་མཁས་མང་འཛོམས་པའི་སྐབས་སུ་ཡང་ཆོས་ཀྱི་གཞུང་དང། བྱཱཀ་ར་ཎའི་ལུགས་དང་མི་མཐུན་པའི་གནད་དོན་བྱུང་ཡོད་ལ། དེང་སྐབས་སུ་གསར་བསྒྱུར་ཐ་སྙད་ཀྱིས་མ་ཡིག་གི་དོན་ཇི་བཞིན་སྟོན་མི་ཐུབ་པ། དོན་གཅིག་ལ་གདགས་གཞི་མང་བ་སོགས་ཀྱི་གནད་དོན་ལྷག་པ་ནི་སྨྲོས་མ་དགོས་མོད། འོན་ཀྱང་ལོ་ཙཱ་བ་རྣམས་ཀྱིས་བརྡ་ཆད་བསྒྱུར་སྐབས་སྔར་ཡོད་བཅུ་ཕྲག་རིག་པའི་འཇིངས་ལ་འཇུག་པ་ཡངས་པའི་སྒོ་ནས། ཟད་མེད་ཀྱི་རིན་ཆེན་གཏེར་དེ་སྔོག་འདོན་དང་། སྔོན་གཞུང་ན་ཐོད་གཏུགས་ཀྱི་བརྡ་ཆད་མེད་པའི་སྐབས་སུ་ལོ་ཙཱ་བའི་བློ་རིག་གི་གཟིགས་རྟོག་ཡངས་པོས་དོན་དང་མཐུན་ལ། བརྗོད་བདེ་བའི་བརྡ་ཆད་དུ་བསྒྱུར་བཟོ་ལ་གཞོལ་དགོས། དེ་ལྟར་བྱུང་ན་ད་གཟོད་ནུབ་ཕྱོགས་བསམ་གཞིག་གི་སྙིང་པོར་བགྲང་བའི་མཚན་ཉིད་རིག་པའི་བསམ་བློ་ཇི་ལྟ་བ་བཞིན་འགྱུར་ཡིག་ནས་མཚོན་ཐུབ་བོ།
གསལ་བཤད། དཔྱད་རྩོམ་འདི་ནི་བོད་ལྗོངས་སློབ་ཆེན་གྱི་ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་དཔྱད་འབྲས་ཡིན།
(ཐེབས་རྩའི་རྣམ་གྲངས། 2015-GSP-076 )
(བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་2015ལོའི་རྒྱ་བོད་ལོ་ཙཱ་ཁ་ཕྱོགས་ཀྱི་ཞིབ་འཇུག་སློབ་མ། མགོན་པོ་སྐྱབས)
འགན་འཁུར་རྩོམ་སྒྲིག་པ། 次仁曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣