དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཇི་ལྟར་བྱས་ཏེ་རླུང་འབྲུམ་ནད་ཀྱིས་མངལ་ཆགས་ཕྲུ་གུར་མི་གནོད་པ་བྱེད་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2017-09-07

    སྦྲུམ་མར་མངལ་ཆགས་སྐབས་རླུང་འབྲུམ་ནད་འགོས་ཚེ་ཕྲུ་གུར་སྐྱ་གྲིབ་དང་། ལྷན་སྐྱེས་སྙིང་ནད། རྣ་བ་འོན་པ་སོགས་ལྷན་སྐྱེས་རང་བཞིན་གྱི་ནད་ཕོག་ནས་ཡ་མ་གཟུགས་སུ་འགྱུར་སྲིད། སྦྲུམ་མར་མངལ་ཆགས་ནས་གཟའ་འཁོར་8ནང་ཚུན་དུ་རླུང་འབྲུམ་ནད་ཕོག་ན་ཕྲུ་གུར་འགོས་ཚད་100%ཡིན་པ་དང་། མངལ་ཆགས་ནས་གཟའ་འཁོར་12ནང་ཚུན་དུ་རླུང་འབྲུམ་ནད་ཕོག་ན་ཕྲུ་གུར་འགོས་ཚད་80%ཡིན། གལ་ཏེ་མངལ་ཆགས་ནས་ཟླ་གསུམ་ནས་དྲུག་བར་རླུང་འབྲུམ་ནད་ཕོག་ན་ཕྲུ་གུར་འགོས་ཚད་17%ནས་25%བར་ཡིན། ཡིན་ནའང་མངལ་ཆགས་ཕྲུ་གུར་འགོས་རྗེས་ཚང་མ་ལྷན་སྐྱེས་རང་བཞིན་གྱི་ཡ་མ་གཟུགས་སུ་འགྱུར་མི་སྲིད། མངལ་ཆགས་ནས་གཟའ་འཁོར་11ནང་ཚུན་དུ་ཕྲུ་གུར་རླུང་འབྲུམ་ནད་འགོས་ན་ལྷན་སྐྱེས་རང་བཞིན་གྱི་ཡ་མ་གཟུགས་ལ་འགྱུར་ཚད་100%ཡིན། མངལ་ཆགས་ནས་གཟའ་འཁོར་13ནས་18སོང་བའི་བར་གྱི་ཕྲུ་གུ་35%ལ་རྒྱུན་ལྡན་མ་ཡིན་པའི་གནས་ཚུལ་འབྱུང་སྲིད་པ་དང་ཟླ་བཞིའི་རྗེས་སུ་མངལ་ཆགས་ཕྲུ་གུ་5%ལྷན་སྐྱེས་རང་བཞིན་གྱི་ཡ་མ་གཟུགས་ལ་འགྱུར་སྲིད།

    དེས་ན། མངལ་ཆགས་ཕྲུ་གུར་རླུང་འབྲུམ་ནད་ཀྱི་གནོད་འཚེ་མི་ཕོག་པ་བྱ་ཆེད། བུད་མེད་ཀྱིས་གཉེན་སྒྲིག་མ་བྱས་གོང་དང་ཕྲུ་གུ་མ་འཁོར་གོང་ཁྲག་རྒྱུན་ཁྲོད་རླུང་འབྲུམ་ནད་དུག་འགོག་གཟུགས་ཡོད་མེད་ཤེས་པར་བྱེད་དགོས། གལ་ཏེ་རླུང་འབྲུམ་ནད་དུག་འགོག་གཟུགས་མེད་ན་ཕྲུ་གུ་མ་འཁོར་གོང་འབྲུམ་འགོག་སྨན་ཁབ་རྒྱག་དགོས། མངལ་འཁོར་རིང་ཡག་ཤོས་བྱུང་ན་འབྲུམ་འགོག་སྨན་ཁབ་རྒྱག་རྒྱུ་མེད། གང་ལགས་ཤེ་ན། འབྲུམ་འགོག་སྨན་ཁབ་ནི་དུག་སེལ་སྨན་ཁབ་ཡིན་པས་སྦྲུམ་མས་མ་བརྒྱབ་ན་བཟང་།

    རླུང་འབྲུམ་ནད་དུག་འགོག་གཟུགས་རྒྱུན་ལྡན་ཡིན་པ་མ་ཟད། མངལ་མ་འཁོར་གོང་འབྲུམ་འགོག་སྨན་ཁབ་བརྒྱབ་མེད་པའི་སྦྲུམ་མས་ཕྲུ་གུ་འཁོར་རིང་རླུང་འབྲུམ་ནད་ཕོག་པའི་ནད་པ་དང་འབྲེལ་འདྲིས་བྱེད་མི་རུང་། དེ་དང་ཆབས་ཅིག་དུས་བཀག་ནང་རླུང་འབྲུམ་ནད་དུག་འགོག་གཟུགས་ཡོད་མེད་ཞིབ་བཤེར་བྱེད་དགོས། མངལ་ཆགས་ནས་དུས་ཚོད་རིང་པོ་མ་སོང་བར་རང་ཉིད་ཀྱིས་རླུང་འབྲུམ་ནད་ཕོག་པའི་ནད་པ་དང་འབྲེལ་འདྲིས་བྱས་པའི་དོགས་པ་སྐྱེས་ན་མགྱོགས་མྱུར་སྨན་བཅོས་བྱེད་དགོས། ཕྲུ་གུ་འཁོར་ནས་ཟླ་བ་བཞིའི་ནང་རླུང་འབྲུམ་ནད་འགོས་ན། མངལ་ཆགས་ཕྲུ་གུ་ལྷན་སྐྱེས་རང་བཞིན་གྱི་ཡ་མ་གཟུགས་སུ་མ་འགྱུར་བ་བྱ་ཆེད། མངལ་སྦྲུམ་མཚམས་བཞག་ན་ཧ་ཅང་ལེགས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།