གསར་འགོད་པར་བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་ཞིང་འབྲོག་སློབ་གླིང་ལ་ཉེ་ཆར་སོ་སོར《ས་མཐོའི་ཚན་རིག་ཞིབ་འཇུག》དང《ས་མཐོའི་ཞིང་ལས》དུས་དེབ་འདོན་པའི་ཆོག་མཆན་ཐོབ་པ་དེས་ས་མཐོའི་ཚན་རིག་རིག་ཚན་སློབ་ཁྲིད་དང་ཞིབ་འཇུག་ལ་སྤེལ་རེས་ཀྱི་ལས་སྟེགས་གསར་པ་ཞིག་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 《ས་མཐོའི་ཚན་རིག་ཞིབ་འཇུག》ནི《བོད་ལྗོངས་སློབ་ཆེན་གྱི་རིག་གཞུང་དུས་དེབ(རང་བྱུང་ཚན་རིག་པར་གཞི)》འཕེལ་རྒྱས་བྱུང་བ་ཞིག་ཡིན་པ་དེར་གཙོ་བོ་ས་མཐོའི་སྣོད་བཅུད་དང་། ས་མཐོའི་གསོ་རིག ས་མཐོའི་ཞིང་འབྲོག་སོགས་ས་མཐོ་དང་བོད་ལྗོངས་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་འགོད་རྒྱུ་རེད། 《ས་མཐོའི་ཞིང་ལས》ཞེས་པའི་དུས་དེབ་དེའི་སྔོན་མའི་མིང་ལ《བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་རིག་གཞུང་དུས་དེབ》ཅེས་བརྗོད་པ་དང་གཙོ་བོ་ས་མཐོའི་འདེབས་འཛུགས་ལས་རིགས་དང་འབྲོག་ལས་ཀྱིས་གཙོ་བོར་བྱས་པའི་ས་མཐོའི་ཞིང་ལས་ཀྱི་ཚན་ཞིབ་གྲུབ་འབྲས་བཀོད་དེ་རིག་གཞུང་སྤེལ་རེས་ལ་སྐུལ་མ་གཏོང་བ་དང་། གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ། ས་མཐོའི་ཞིང་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། བོད་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། ཚན་རྩལ་བཅས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་བཅས་བྱ་རྒྱུ་ཡིན་པ་རེད།