དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལག་ལེན་དངོས་ཀྱི་ལོ་ཙཱའི་བྱ་གཞག་ཁྲོད་འཕྲད་པའི་བསམ་གཞིག་ཕྲན་བུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-26

    དེང་དུས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ནི་ཚ་རླབས་དྲག་ཏུ་འཕྱུར་བའི་རླབས་ཕྲེང་དགུང་སྔོན་དབྱིངས་སུ་འཕྱོ་བ་ཇི་བཞིན་ཉིན་རེ་ལས་མ་འདས་པར་གོང་ནས་གོང་དུ་འཕེལ་བཞིན་ཡོད། སྐབས་འདི་དང་བསྟུན་ནས་རང་རིགས་ཀྱི་གཞོན་སྐྱེས་འགར་ནག་ནོག་གི་བསམ་སྤྱོད་ངན་པས་མི་སྦགས་པར་སྔོན་བྱོན་མཁས་དབང་དུ་མས་དཀའ་བ་སྤྱད་པ་རྣམས་ལ་དྲིན་ལན་དང་མནོ་བསམ་གཏོང་བཞིན་དུ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་ཆེད་འབད་འབུངས་ཧུར་བརྩོན་བྱེད་དགོས་གལ་ཆེ།

    དེ་ཡང་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལོ་རྒྱུས་ཀྱི་བརྒྱུད་རིམ་རིང་མོའི་ཁྲོད་ཆབ་སྲིད་དང་དཔལ་འབྱོར་དང་དེ་བཞིན་རིག་གནས་སོགས་ལ་བརྟེན་ནས་བྱུང་བའི་ཕྱི་རྐྱེན་དང་སྐད་བརྡ་རང་ངོས་ཀྱི་དུས་ཡུན་རིང་པོའི་ནང་ཁུལ་གྱི་འགྱུར་བ་རྣམས་ལ་བརྟེན་ནས་འགྲོ་བ་མིའི་ས་སྒང་རིང་མོ་འདིའི་སྟེང་དུ་སྐད་རིགས་ཐ་དད་པ་མང་པོ་ཞིག་བྱུང་ཞིང་། དེ་དག་གི་གནས་བབ་དང་ཁྱད་ཆོས་ཀྱང་སོ་སོར་གྲུབ་ཡོད། ཉེ་རབས་ཀྱི་དུས་སུ་འཛམ་གླིང་སྤྱིའི་ཆ་ནས་ཐོན་སྐྱེད་གོང་དུ་འཕེལ་བ་དང་རྒྱལ་ཁབ་དང་རྒྱལ་ཁབ་དབར་དང་མི་རིགས་དང་མི་རིགས་དབར་འགྲིམ་འགྲུལ་སྟབས་བདེ་པོ་ཡོད་པས་ཕན་ཚུན་འབྲེལ་བ་འཛུགས་པར་ཧ་ཅང་སྟབས་བདེ་པོ་ཡོད་པ་དཔེར་ན། ཕན་ཚུན་དབར་གྱི་རིག་གནས་སྤེལ་རེས་ལ་ཆ་མཚོན་ན་ལེགས་པའི་ཆ་ཡང་མང་པོ་ཡོད་ལ་ཞན་ཆ་ཡང་མང་པོ་ཡོད། དེང་གི་སྤྱི་ཚོགས་ཐོག་གི་མིང་བརྡ་འགའ་བདམས་ཏེ་བརྗོད་ན་དཔེར་ན། 高压锅 菜刀 充电线 公交车 安全带 喇叭 牌照 可口可乐 沙发 楼梯 天花板ཞེས་པ་ལ་སོགས་པར་བོད་སྐད་ཐོག་ནས་ཚང་མའི་མིང་འབོད་ཆོག་མོད། འོན་ཀྱང་རྒྱ་སྐད་དེ་བོད་མིའི་སེམས་ལ་བག་ཆགས་ཟབ་མོ་བཞག་ནས་བསུབ་ཐབས་མེད་པར་གྱུར་བར་བརྟེན་རྒྱ་སྐད་ཀྱི་མིང་བརྡ་གསར་པ་ཐོན་པ་དེ་རྣམས་ཐད་ཀར་བོད་མིའི་འཚོ་བའི་ཁྲོད་དུ་ཟུར་ཆགས་པ་ལས་བོད་སྐད་ཀྱི་ཐ་སྙད་ཡོད་རུང་བེད་སྤྱོད་བྱེད་མཁན་མེད་པའམ་ཡོད་རུང་རེ་འགའ་ལས་མེད། དཔེར་ན་གོང་གི་安全带ལ་སྐྱོབ་ཐག་དང་། 喇叭ལ་སྒྲ་དུང་། 牌照ལ་ཨང་བྱང་། 可口可乐ལ་ཁུ་ཁོ་ཁུ་ནག 天花板ལ་གནམ་རྒྱན། 网吧ལ་དྲ་ཁང་སོགས་བོད་སྐད་ཀྱི་ཐ་སྙད་རེ་ཡོད་མོད། འོན་ཀྱང་ནམ་རྒྱུན་འཚོ་བའི་ཁྲོད་བེད་སྤྱོད་བྱེད་མཁན་ཉུང་བས་བོད་མི་ཚོས་ཧ་ཅང་གོ་དཀའ་བར་གྱུར་ཅིང་ཐ་སྙད་གཅིག་མཐུན་མེད་པས་སྐད་བརྡ་གཅིག་གྱུར་ལ་འགོག་རྐྱེན་བཟོས་ཡོད།

    ལོ་ཙཱའི་དཔུང་ཁག་གི་དབར་ལ་ཡང་གཅིག་མཐུན་མེད་པའི་ཆ་མང་པོ་ཡོད་དེ་ལུང་པ་རེ་ལ་སྐད་ལུགས་རེ་དང་བླ་མ་རེ་ལ་ཆོས་ལུགས་རེ་ཟེར་བའི་དཔེ་ལྟར། ལོ་ཙཱ་བ་སོ་སོ་ཡང་ལོ་ཙཱའི་གཞུང་ལུགས་ལ་མ་མཐུན་པར་རང་ཉིད་ཀྱི་གང་འདོད་ལྟར་དུ་བསྒྱུར་ཚེ་གཅིག་མཐུན་ཞིག་ཡོང་ག་ལ་ཐུབ། དཔེར་ན། 安居工程ལ་གནས་སྐྱིད་ལས་གྲྭ་དང་བདེ་གཞིས་བཟོ་བཀོད། ཡང་安居乐业ལ་གནས་བརྟན་བཅའ་བདེ་དང་འདུག་བདེ་ལས་སྤྲོ། ཡང་百年耻辱ལ་ལོ་བརྒྱའི་མཚན་ཤས་དང་བསྐལ་བརྒྱའི་ངན་མཚང་ངམ་གཏན་མཚང་། ཡང་备忘录ལ་ཚིག་ཐོ་དང་བརྗེད་ཐོ། དེ་བཞིན་面试ལ་ངོ་རྒྱུག་དང་ངོ་བག་སྤྱན་བཞུགས། 住院部ལ་སྡོད་བཅོས་ཁང་དང་ནད་སྡོད་ཁང་སོགས་ལ་བསྒྱུར་བའི་ལོ་ཙཱ་བ་སོ་སོའི་ལྟ་བ་གྲུབ་པ་ལས་མིང་བརྡ་གཅིག་གྱུར་ཐད་ལ་བསམ་གཞིག་བྱས་མེད། གོང་གི་དཔེར་བརྗོད་དེ་རྣམས་ནི་བོད་པ་རང་གི་མིང་བརྡ་ཡོད་རུང་བེད་སྤྱོད་མེད་པས་སྐད་བརྡ་གཅིག་གྱུར་རམ་ཡིག་སྒྱུར་བྱ་བཞག་འཕེལ་རྒྱས་ཀྱི་བཀག་རྡོ་ཆེན་པོ་ཞིག་ཡིན། དེ་ཡང་རང་སྐད་གཞན་སྐད་དུ་སྒྱུར་སྐབས་བོད་སྐད་ཡིག་གི་འགྲོ་ལུགས་དང་མ་བསྟུན་པར་རྒྱའི་སྐད་ཡིག་གི་འགྲོ་ལུགས་དང་བསྟུན་པའི་རིགས་ལ་བརྗོད་པ་ཡིན། དཔེར་ན། དཔལ་འབྱོར་དངོས་གཟུགས་འཛུགས་པ་ལ། 建立经济实体དང་། ཚན་རིག་འཕེལ་རྒྱས་ལྟ་བ་ལ་科学发展观སོགས་ལྟ་བུ་དོན་གང་ཟེར་མིན་རྟོག་དཀའ། སྐད་ཆ་དེ་རིགས་ཀྱི་བརྡ་དོན་གསལ་འཕྲོད་བྱ་རྒྱུ་ལྟ་ཞོག་རང་གི་སྐད་ལུགས་རྙོག་པའི་སྐྱོན་དུ་གྱུར་བས། མ་ཡིག་གི་བརྗོད་དོན་མ་བརླགས་པར་ཇི་མ་ཇི་བཞིན་དུ་བརྡ་སྒྱུར་གནས་ལ་གསལ་འཕྲོད་དགོས་རྒྱུ་གཙོ་བོ་ཡིན་པ་ལས། མ་ཡིག་གི་ཚིག་སྦྱོར་འགྲོས་དང་རྗོད་ཚིག་རིང་ཐུང་བཅས་ལ་སྟབས་བསྟུན་བྱ་རྒྱུ་གལ་ཆེར་བཟུང་དགོས་དོན་མེད་ཅེས་མཁས་པས་གསུངས་པ་བཞིན་ཡིན། དེ་འདྲ་བའི་གནད་དོན་མང་པོ་ཡོད་པ་དཔེར་ན། དེང་གི་སློབ་མ་མང་ཆེ་བ་སོ་སོ་རང་ནས་བཤད་ན་སྤྱིར་རྩོམ་ཐུང་ཞིག་བྲིས་རུང་སྐད་ཆའི་བཤད་སྟངས་སམ་སྐད་ཆའི་འགྲོ་སྟངས་ལ་རྒྱ་ཡིག་གི་ཤན་ཞུགས་པ་མ་ཟད། རྒྱ་སྐད་དང་བོད་སྐད་འདྲེས་མའི་ཐོག་ནས་སྐད་ཆ་ཤོད་ཀྱི་ཡོད། དེར་བརྟེན་སྐད་གསར་བཅད་ཐེངས་བཞི་པ་བྱ་བའི་དུས་ལ་སླེབས་འདུག་སྙམ། འོན་ཀྱང་སྐད་གསར་བཅད་བྱེད་པ་ནི་ཧ་ཅང་དཀའ་ཚེགས་ཆེ་བ་ཞིག་ཡིན། མི་གཅིག་དང་གཉིས། བརྒྱ་ཉིས་བརྒྱ་ཡིས་བྱེད་ཐུབ་པ་ཞིག་མ་ཡིན། གཅིག་གྱུར་གྱི་ལོ་ཙཱའི་ལམ་ལུགས་ཤིག་གཏོད་རྒྱུ་ནི་ཧ་ཅང་དོ་གལ་ཆེ་བའི་གནད་དོན་ཞིག་ཡིན། ཐོག་མར་ལོ་ཙཱའི་རྩ་དོན་དང་ཚད་གཞི། དེ་བཞིན་ཐབས་ལམ་བཟང་པོ་ཞིག་བསྐྲུན་དགོས། དེ་ཡང་རྩ་དོན་ཞེས་པ་ནི་མཁས་དབང་འཕྲིན་ལས་ཆོས་གྲགས་ཀྱི《བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་ངོགས》ནང་དུ་རྩ་བའི་དོན་གནད་དམ་ངོ་བོའི་གནས་ལུགས་ལ་གོ་དགོས་ཤིང་། རྩ་དོན་ལ་གཞིགས་ནས་བྱ་བ་བསྒྲུབ་པའི་ཚད་གཞི་གཉིས་ནི་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བ་ཞིག་ཡིན་པ་སྟེ། རྩ་དོན་ལ་གཞིགས་ཏེ་བྱ་བ་བསྒྲུབ་པའི་ཚད་གཞིར་བརྟེན་ནས་ངོ་བོའི་གནས་ལུགས་དོན་དུ་འཁྱོལ་བ་ཡིན། ལོ་ཙཱའི་གཞུང་ལུགས་སྨྲ་བའི་གནས་སྐབས་སུ་བསྒྱུར་གྱི་རྩ་དོན་ངེས་བཟུང་ཐུབ་པ་དགོས་རྒྱུ་ནི་གནད་གལ་ཆེ། ཞེས་གསུངས་པ་དང་། ཧྥ་རན་སེའི་མཁས་དབང་ཨའི་ཏེ་ཨན•ཏོ་ལེ(艾蒂安•多莱1509-1546)ཞུ་བས་ལོ་ཙཱའི་རྩ་དོན་དོན་ཚན་ལྔ་རུ་གསུངས་པ་སྟེ། 1.མ་ཡིག་གི་ནང་དོན་གཏིང་ཕྱིན་པ་རྟོགས་དགོས་པ།(理解援助的内容)དང་། 2.མ་ཡིག་དང་བསྒྱུར་ཡིག་གི་སྐད་རིགས་གཉིས་ཀར་བྱང་གོམས་ཆེན་པོ་དགོས་པ།(同绕原文和译文) 3.མིང་བརྡ་ཐད་གཏུག་ཏུ་མི་བསྒྱུར་བ།(避免逐字对译) 4.གོ་བདེ་ཡོང་ཐབས་བྱེད་པ།(采用通俗形式) 5.བརྗོད་པ་ཧྲིལ་པོའི་ནང་དོན་གནད་ལ་འཁེལ་པོ་དགོས་པ།(讲求整体效益)སོགས་དང་དབྱིན་ཇིའི་ལོ་ཙཱ་རིག་པ་མཁས་ཅན་ཐའེ་ཐེ་ལེ། 泰特勒ཡིས་ཀྱང་ལོ་ཙཱའི་རྩ་དོན་གསུམ་བཤད་ཡོད། མདོར་ན་རྩ་དོན་ནི་ལོ་ཙཱའི་ལག་ལེན་ནང་མེད་དུ་མེད་རུང་བའི་དོན་ཆེན་ཞིག་ཡིན། དེར་མཐོང་ཆེན་བྱ་རྒྱུ་ཧ་ཅང་གལ་ཆེ་བས་རྒྱ་ཁྱབ་རང་བཞིན་ལྡན་པའི་སྐད་གསར་བཅད་བཞི་པར་ངེས་པར་དུ་དེང་གི་ལོ་ཙཱའི་དོན་དངོས་དང་། མཐུན་པའི་རྩ་དོན་ཞིག་འཇོག་དགོས། དེ་ནི་དེང་སྐབས་བོད་རིཌ་ས་ཁུལ་གྱི་ལོ་ཙཱ་མཁས་ཅན་དང་བོད་རིག་པ་མཁས་ཅན་དག་གིས“འདྲེ་ཤར་སྒོའི་ཕྱོཌ་སུ་གནས་པ་ལ། གླུད་ནུབ་སྒོར་གཏོང་བ་དོན་རེ་ཆུང”ཞེས་པའི་དོན་ལ་བསམ་ནས་དོན་དང་ལྡན་པའི་སྐད་གསར་བཅད་བཞི་པའི་རྩ་དོན་ཞིག་འདོན་རྒྱུ་ཆེས་གལ་ཆེའོ།

    དེ་ཡང་ཏང་གི་སྲིད་ཇུས་བཟང་པོའི་འོག བོད་སྐད་ཡིག་ལས་དོན་ཅུས་དང་དེ་དང་འབྲེལ་བའི་ལས་ཁུངས་ཁག་གི་འགོ་ཁྲིད་ཀྱིས་རྒྱ་ཆེའི་མང་ཚོགས་ཁྲོད་དུ་ཐ་སྙད་གཅིག་གྱུར་དར་སྤེལ་གཏོང་བའི་ལས་འགན་དུ་ཞུགས་ནས་དེང་སྐབས་ཏང་གི་རང་སྐྱོང་ལྗོངས་ཁུལ་གྱི་བོད་སྐད་ཡིག་ལ་འཛིན་པའི་དམིགས་བསལ་གྱི་བྱ་ཐབས་སྤྱད་དེ་དེང་སྐབས་ཀྱི་ཐ་སྙད་གཅིག་གྱུར་མེད་པའམ་ཡིག་སྒྱུར་ཁྲོད་དུ་བྱུང་བའི་སྐྱོན་རྣམས་སེལ་ཐབས་བྱུང་ཚེ་སྐད་གསར་བཅད་ཐེངས་བཞི་པའི་ཕྱོགས་སུ་གོམ་པ་སྤོ་བར་རྨང་གཞི་ཞིག་འདིང་ཐུབ། སྐད་གསར་བཅད་བྱེད་པར་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བཟང་པོའི་འོག་བོད་ཀྱི་མཁས་དབང་རྣམས་ཀྱི་དཀའ་བ་སྤྱད་པ་དང་རྒྱ་ཆེའི་མང་ཚོགས་རྣམས་ཀྱི་གཞོགས་འདེགས་དང་རྒྱབ་སྐྱོར་དགོས། མ་གཞི་སྐད་གསར་བཅད་བྱེད་པ་ནི་ཧ་ཅང་དཀའ་ཚེགས་ཆེ་བ་ཞིག་དང་དུས་ཐུང་ནང་འགྲུབ་ཐུབ་པ་ཞིག་མིན། འོན་ཀྱང་ང་ཚོས་གང་ཐུབ་ཀྱི་རྨང་གཞི་གཏིང་དགོས།

    མདོར་ན། སྐད་དང་ཡི་གེ་ནི་མི་རིགས་ཤིག་གི་བླ་སྲོག་ཡིན། གལ་སྲིད་སྐད་དང་ཡི་གེ་མེད་ན་མི་རིགས་དེ་གནས་ཐབས་མེད་པས་ཚང་མས་རང་མི་རིགས་ཀྱི་སྐད་དང་ཡི་གེར་བརྩི་འཇོག་དང་རྒྱུན་འཛིན་བྱེད་དགོས་ལ་སོ་སོ་ནས་འགོ་བཙུགས་ཏེ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་དགོས། དེ་ནི་ང་ཚོ་བོད་མི་ཚང་མའི་ཕྲག་སྟེང་འདོར་དུ་མི་རུང་བའི་ལས་འགན་ལྕི་པོ་ཞིག་ཡིན། (གཞིས་ཀ་རྩེ་གྲོང་ཁྱེར་གློག་བརྙན་དོ་དམ་བབས་ཚུགས་ཀྱི་བཀྲ་ཤིས་ཚེ་རིང་གིས)

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།