ཉེ་ཆར། གསར་འགོད་པས་ལྗོངས་ཞིང་འབྲོག་ཚན་རིག་ཁང་ནས་ཤེས་རྟོགས་བྱས་པར། ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཞིང་འབྲོག་མང་ཚོགས་གསོ་སྐྱོང་ལྟེ་གནས་ཀྱི་ལས་དོན་མི་སྣ་ཆེད་མངགས་ལྷ་རྩེ་དང་ས་སྐྱ་རྫོང་གཉིས་སུ་བསྐྱོད་དེ་ཞིང་འབྲོག་མང་ཚོགས་451ལ་ཆེད་ལས་ཞིང་འབྲོག་པ་གསར་པའི་གསོ་སྦྱོང་ལག་ཁྱེར་སྤྲད་པ་དང་འབྲེལ་ཞིང་འབྲོག་མང་ཚོགས་174ལ་རྒྱལ་ཁབ་ལས་རིགས་ཐོབ་ཐང་གི་རིམ་ལྔའི་ལག་ཁྱེར་ཡང་སྤྲད་པ་རེད།
ཤེས་རྟོགས་བྱས་པར་གཞིགས་ན། ཆེད་ལས་ཞིང་འབྲོག་པ་གསར་པ་སྐྱེད་སྲིང་ཤུགས་ཆེན་བྱ་རྒྱུ་ནི་དེང་རབས་ཞིང་འབྲོག་ལས་རིགས་ཐོན་སྐྱེད་གཉེར་སྐྱོང་གི་དཔུང་ཁག་བརྟན་པོ་ཡོང་རྒྱུ་དང“སུས་ཞིང་ཁ་འདེབས་པ་དང་གང་འདྲ་བྱས་ནས་ཞིང་ཁ་ཡག་པོ་འདེབས་དགོས་པའི”གནད་དོན་ཐག་གཅོད་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་མ་ཟད། ཞིང་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་སྒྱུར་བ་དང་། ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ཞིང་འབྲོག་ཐོན་ཟོག་གཙོ་བོ་མཁོ་འདོན་ནུས་ལྡན་འགན་ལེན་བཅས་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་པ་རེད།
རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གསོ་སྦྱོང་ལྟེ་གནས་ཀྱི་ཀྲུའུ་རེན་ལེའང་ཁྲུན་ཧྥང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་རྫོང་དེ་གཉིས་ཀྱི་གཙོ་ཁྲིད་ཐོན་ལས་ཀྱི་གནད་དོན་ལ་བརྟག་ཞིབ་གཏིང་ཟབ་བྱས་ཏེ་ནས་དང་། དྲོད་ཁང་ཆེ་མོའི་སྔོ་ཚལ། བཞོན་མ་གསོ་ཚགས་བཅས་གསོ་སྦྱོང་ལས་ཀའི་གཙོ་གནད་དུ་བཞག་པ་རེད། 2016ལོར། རྫོང་གཉིས་སུ་ཐོན་སྐྱེད་གཉེར་སྐྱོང་ཅན་དང་། ཆེད་ལས་རྩལ་ནུས་ཅན། སྤྱི་ཚོགས་ཞབས་ཞུ་ཅན་བཅས་ཀྱི་ཆེད་ལས་ཞིང་འབྲོག་པ་གསར་པའི་གསོ་སྦྱོང་བྱེད་སྒོ་དུས་ཐེངས་12སྤེལ་བའི་ནང་ཐོན་འབབ་མང་བའི་ནས་འདེབས་འཛུགས་དང་། བཞོན་མ་གསོ་ཚགས། སྔོ་ཚལ་འདེབས་འཛུགས་ཀྱི་རྩལ་ནུས་རྣམ་པ་བཅས་ཀྱི་ཞིང་འབྲོག་མང་ཚོགས་280དང་། སྔོ་ཚལ་འདེབས་མཁན་མི་སྣ་90 སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་མི་སྣ་40 ཞིང་ལས་ལག་རྩལ་ཁྲིད་སྟོན་པ་100བཅས་ལ་གསོ་སྦྱོང་བྱས་ཡོད་པ་རེད།