དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བརྗེད་པར་དཀའ་བའི་སློབ་ཆེན་གྱི་འཚོ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-07

    0706gt1.jpg

    བསིལ་བསིལ་རླུང་བུས་མེ་ཏོག་གི་དྲི་ཞིམ་གང་སར་འཐུལ་བའི་ཟླ་བ་དྲུག་པར་སློབ་གྲྭ་ཐོན་པའི་དུས་ཤར། སློབ་ཐོན་སློབ་མ་ཚོས་རྒྱུས་མངའ་ཆེ་བའི་སློབ་ཆེན་གྱི་འཚོ་བར་དད་སེམས་ཆེན་པོས་རྗེས་དྲན་བྱེད་བཞིན་སློབ་གྲྭར་སྡོད་པའི་མཐའ་མའི་ཁོམ་པ་དེ་སྤྱད་ནས་མཉམ་དུ་དྲན་རྟེན་འདྲ་པར་རྒྱག་པའམ་ཡང་ན་དགེ་བའི་བཤེས་གཉེན་ལ་ཐུགས་རྗེ་ཆེ་ཞུ་བའི་ལས་ལ་བྲེལ།

    “ལོ་བཞིའི་གོང་ང་བོད་ལྗོངས་སློབ་ཆེན་དུ་རྒྱུགས་འཕྲོད་བྱུང་། ད་ཆ་སློབ་གྲྭ་ཐོན་པའི་དུས་སུ་སླེབས། ངའི་ངོས་ནས་བརྗོད་ན་སློབ་ཐོན་ནི་མཐའ་ཚུགས་ཤིག་རེད་ལ། འགོ་འཛུགས་ས་གསར་པ་ཞིག་ཀྱང་རེད”

    “ལོ་བཞིའི་སློབ་ཆེན་འཚོ་བའི་ནང་བོད་ལྗོངས་སློབ་ཆེན་གྱིས་ང་རང་གང་ཅིའི་ཐད་ལ་གསོ་སྐྱོང་གང་ལེགས་གནང་བྱུང་། ལོ་དེ་དག་ནང་ངས་ཤེས་བྱ་ཡོན་ཏན་སྦྱངས་པ་ཕུད་གྲོགས་པོ་བློས་ཐུབ་མང་པོ་འགྲིག་ཐུབ་བྱུང་། ཁོང་ཚོ་དང་གཤིབ་པའི་ལོ་ཟླའི་ནང་དཔེ་དེབ་ཐོག་ནས་སྦྱོང་མི་ཐུབ་པའི་ཤེས་བྱ་མང་དག་ཅིག་ཤེས་བྱུང་། ང་ལ་དཀའ་ངལ་འཕྲད་པའི་སྐབས་སུ་རོགས་པ་བྱེད་མཁན་གྲོགས་མཆོག་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྷག་པར་དུ་ང་ཚོའི་འཛིན་གྲྭའི་ཀྲུའུ་རེན་རྒན་ནན་ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་གིས་ང་ལ་སློབ་སྦྱོང་ལ་འབད་བརྩོན་བྱེད་པའི་སྐུལ་ལྕག་གནང་བ་ཕུད། མི་ཡག་པོ་ཞིག་བྱ་རྒྱུའི་གནས་ལུགས་མང་པོ་གསུང་གི་ཡོད”ཅེས་ཧུའུ་དབན་མིན་གྱིས་ཐུགས་རྗེའི་བསམ་པ་འཆང་བཞིན་དེ་ལྟར་བཤད།

    བརྗེད་པར་དཀའ་བའི་ལོ་བཞིའི་སློབ་ཆེན་འཚོ་བའི་སྐོར་གླེང་སྐབས་ཧུའུ་དབན་མིན་གྱིས་ལག་ཁྱེར་མང་པོ་ཞིག་གི་ནང་ནས་གཅིག་བསྟན་ཏེ“དེ་ནི་2015ལོར་ང་དང་རོགས་པ་ཁ་ཤས་ཀྱིས་ལོ་ཕྱེད་ཙམ་གྱི་དུས་ཚོད་སྤྱད་ནས་བཏོད་པའི་རྣམ་གྲངས་ལ་རག་པའི་བྱ་དགའི་ལག་ཁྱེར་རེད། སྐབས་དེ་དུས་ང་ཚོས་འབད་བརྩོན་ཧུར་ཐག་བྱས་པ་བརྒྱུད་གྲུབ་འབྲས་ཡག་པོ་ཐོབ་བྱུང”ཞེས་བཤད།

    0706gt3.jpg

    ད་ཆ་སློབ་གྲྭ་དང་ཁ་འབྲལ་བའི་དུས་འཆར་སྐབས་ཧུའུ་དབན་མིན་གྱིས་ཡང་བསྐྱར་སློབ་གྲྭའི་དཔེ་དེབ་ཁང་དུ་བསྐྱོད། “སློབ་གྲྭ་ཐོན་རྗེས་ངས་བརྗེད་ཐབས་བྲལ་བ་ནི་དཔེ་དེབ་ཁང་གི་སྒྲོག་ཙེ་དང་། སློབ་གྲྭའི་མཛེས་ལྗོངས། སྒོར་དྲུག་བྱས་པའི་སློབ་གྲྭའི་ཟ་ཁང་གི་ལྟོ་ཆས། དྲོ་སྐྱིད་ལྡན་པའི་ཉལ་ཁང་བཅས་རེད། དེ་སྔ་སློབ་གྲོགས་དང་མཉམ་དུ་སློབ་ཚན་འཚོགས་མྱོང་བའི་སློབ་ཁང་མཐོང་སྐབས་མིག་ནང་རང་དབང་མེད་པར་མཆི་ཞག་འཁོར་གྱི་འདུག”ཅེས་བཤད།

    ལོ་བཞིའི་ནང་སྙིང་རུས་ཆེན་པོས་སློབ་སྦྱོང་གི་རྒྱ་མཚོར་ཞུགས་མཐར་ཁོང་ལ་ཕུལ་བྱུང་སློབ་ཐོན་མའི་གཟི་བརྗིད་མཚན་སྙན་ཐོབ། “ཕུལ་བྱུང་སློབ་ཐོན་མའི་མཚན་སྙན་ཐོབ་ཡོང་སྙམ་པ་བསམ་བློའི་ཡུལ་དུའང་མེད། དགེ་བའི་བཤེས་གཉེན་ཚོས་ང་ལ་གདེང་འཇོག་དང་ཁས་ལེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། རོགས་རམ་དང་སྐུལ་ལྕག་བྱེད་མཁན་སློབ་གྲོགས་ཚོར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།

    ཁོ་མོས་མ་འོངས་པའི་མདུན་ལམ་ལ་རེ་བས་ཁེངས་བཞིན“ང་ལ་ཐོག་མ་ཉིད་ནས་ཞིབ་འཇུག་སློབ་མ་ཞིག་བྱ་རྒྱུའི་འདུན་པ་ཡོད། ད་ཆ་ཏ་ལེན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་དུ་ཞིབ་འཇུག་སློབ་མ་བྱེད་པའི་གོ་སྐབས་ཐོབ་བྱུང་། ངས་དེར་གཅེས་སྤྲས་བྱེད་སྲིད། སླད་གོ་སྐབས་བྱུང་ན་བོད་ལྗོངས་སློབ་ཆེན་དུ་ལོག་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད།

    0706gt2.jpg

    ལོ་བཞིའི་ནང་ཧུའུ་དབན་མིན་གྱིས་ལས་ཀ་གཅིག་ལྕོགས་དང་། ཚོང་གཉེར་པ། ཟུར་ཁྲིད་དགེ་རྒན། ཤོག་བྱང་སྤྲོད་མཁན་སོགས་བྱེད་མྱོང་ཞིང་། ལས་ཀ་གཅིག་ལྕོགས་བྱས་ན་དེ་ནི་སློབ་སྦྱོང་གི་གོ་སྐབས་ཤིག་དང་སྦྱོང་བརྡར་ཞིག་ཀྱང་རེད། སློབ་གྲྭ་ཐོན་ཁར་ཤེས་བྱར་བརྩོན་བཞིན་པའི་སློབ་ཆེན་སློབ་མ་ཚོར་སློབ་སྦྱོང་བྱེད་པའི་དུས་སུ་རང་ཉིད་ལ་འཆར་གཞི་འགོད་པ་དང་སློབ་སྦྱོང་གི་དུས་ཚོད་གཅེས་འཛིན་བྱེད་དགོས། རོལ་རྩེད་དང་བརྙན་འཕྲིན་འཁྲབ་ཚན་ནི་སློབ་ཆེན་འཚོ་བའི་ཆ་ཤས་ཤིག་ཡིན་ནའང་གལ་ཆེ་ཤོས་ནི་སློབ་སྦྱོང་བྱ་རྒྱུ་དེ་རེད་ཅེས་ཤོད་རྒྱུ་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།