2016ལོར། ལྷོ་ཁ་གྲོང་ཁྱེར་གྱིས“རྟེན་གཞི་གཉིས་དང་ལྟེ་བ་གཅིག”གི་འཕེལ་རྒྱས་ཀྱི་ངེས་གནས་ལ་དམིགས་ནས། ཐོན་ཁུངས་ཀྱི་ལེགས་ཆའི་རྨང་གཞི་དང་སྒྱུར་བཅོས་གསར་གཏོད་བྱ་རྒྱུ་སྒུལ་ཤུགས་སུ་བྱས་ཏེ་ཚན་རྩལ་གྱི་འགན་ནུས་སྒྱུར་བ་དང་། ཚན་རྩལ་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱེད་པ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གོང་རིམ་ནས་རྣམ་གྲངས་བརྩོན་ལེན་བྱེད་པ། ཕྱི་ནས་མ་དངུལ་རག་ཐབས་དང་ཤེས་ལྡན་པ་གདན་དྲངས་པ། གཞི་རིམ་དུ་ཞབས་ཞུ་ཡག་པོ་སྒྲུབ་པ་བཅས་ཀྱི་སྒོ་ནས་གྲོང་ཁྱེར་དེ་ཡོངས་ཀྱི་ཚན་རྩལ་མཐུན་ཚོགས་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་བྱས་པས“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་བ་རེད།
འགག་སྒྲོལ་ཐད་མ་དངུལ་གཏོང་ཤུཌ་ཆེ་རུ་བཏང་ནས་ཚན་རྩལ་ལས་དོན་ལ་བཀྲག་མདངས་གསར་པ་འཚེར་བ་བྱས་པ།
ཚན་རྩལ་གྱི་ཆེད་དོན་རྣམ་གྲངས་གལ་ཆེན་ནི་ཚན་རྩལ་ལས་དོན་གྱི་མཚོན་བྱེད་དང་གཅིག་སྡུད་ཀྱི་རྣམ་གྲངས་ཤིག་ཡིན་པ་མ་ཟད། ཡང་སྒོས་སུ་དཔལ་འབྱོར་གྱི་རྒྱུན་རྣམ་གསར་པའི་འོག་དེས་འགག་རྩའི་ལྟེ་བའི་ལག་རྩལ་ལ་ཚད་བརྒལ་ཡོང་བ་དང་། ལྷོ་ཁ་གྲོང་ཁྱེར་གྱི་ཐོན་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། དཔལ་འབྱོར་ཕྱོགས་སྒྱུར་ཡོང་བ་བྱེད་པ་བཅས་ལ་ནུས་པ་གལ་ཆེན་ཐོན་ཡོད། 2016ལོར། ལྷོ་ཁ་གྲོང་ཁྱེར་གྱིས་ལས་གཏོད་གསར་གཏོད་ལ་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ནས་མ་དངུལ་གཏོང་རྒྱུ་གཙོ་བོར་བྱས་པའི་ཁེ་ལས་སམ་ཡང་ན་མཉམ་ལས་ཁང་མཉམ་དུ་ཞུགས་པའི་ཐབས་མང་གི་ལས་གཏོད་གསར་གཏོད་མ་འཇོག་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་བ་དང་། སྔོན་ཐོན་གྱི་སྤྱོད་འཐུས་ལག་རྩལ་ཁག་གཅིག་ལག་ལེན་བསྟར་བས། ཚན་རྩལ་མཐུན་ཚོགས་ལས་དོན་ལ་བཀྲག་མདངས་གསར་པ་འཚེར་ཐུབ་པ་བྱུང་ཡོད།
“2016ལོར། གྲོང་ཁྱེར་དེ་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་ཚན་རྩལ་དང་ཚན་རིག་མཐུན་ཚོགས་ཀྱི་རྣམ་གྲངས་54ལག་ལེན་བསྟར་བར་ཆེད་དོན་མ་དངུལ་བསྡོམས་སྒོར་ཁྲི་1882.4བཏང་བ་དེ་དུས་མཚུངས་ལས་23.2%འཕར་ནས་རྣམ་གྲངས་ལ་འདེགས་སྐྱོར་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཚེ་རིང་སྟོབས་ཆེན་གྱིས་བཤད་ཅིང་། ཡང་ཁོང་གིས“ལོ་ཏོག་འདེབས་གསོ་ཚན་རིག་དང་མཐུན་པའི་ངང་ཞིབ་འཇུག་དང་། མི་རིགས་ལག་ཤེས་བཟོ་རྩལ་སྒྱུར་བཀོད་དང་ཐོན་རྫས་གསར་པ་གསར་སྤེལ། བོད་ལུགས་གསོ་རིག་སྨན་རྫས་ཞིབ་འཇུག ཚན་རྩལ་ལ་བརྟེན་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན། གཞི་རིམ་དུ་ཚན་རྩལ་ཁྱབ་གདལ་གྱི་བྱ་སྤྱོད་འཆར་གཞི་ལག་བསྟར་སོགས་ཀྱི་ཁྱབ་ཁོངས་ལ་ཚད་བརྒལ་གསར་པ་བྱུང་ཡོད”ཅེས་བཤད།
གྲུབ་འབྲས་གཞན་སྒྱུར་བྱས་ནས་ཚན་རྩལ་ཐོན་ལས་ཀྱིས་དམངས་འཚོར་ཕན་པ་འདོགས་རྒྱུར་སྐུལ་འདེད་བཏང་བ།
ཚན་རྩལ་འགག་སྒྲོལ་ལ་ཚད་བརྒལ་གསར་པ་བྱུང་རྗེས། ལྷོ་ཁ་གྲོང་ཁྱེར་གྱིས་ཆེད་དོན་རྣམ་གྲངས་ཁག་གཅིག་བརྩོན་ལེན་འདུན་ཞུ་བྱས་ནས་མང་ཚོགས་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་ཐུབ་པ་བྱས་པས། ཞིང་འབྲོག་ལས་ཀྱི་ཚན་རྩལ་ལ་འཕེལ་རྒྱས་ཆེན་པོ་བྱུང་སྟེ་དམངས་འཚོའི་ཁྱབ་ཁོངས་ཀྱི་ཚན་རྩལ་ཉེར་སྤྱོད་ཀྱི་ཆུ་ཚད་མཐོ་རུ་སོང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚན་རྩལ་གྱི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་མི་ཆད་པར་ཆེ་རུ་སོང་ཡོད།
ལྷོ་ཁ་གྲོང་ཁྱེར་ཚན་རྩལ་ཁྱབ་གདལ་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཝུའེ་ཤང་ཧུང་གིས“ང་ཚོས་ད་དུང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་ཚན་རྩལ་མཐུན་ཚོགས་ཀྱི་རྣམ་གྲངས་དང་། ‘ས་ཁུལ་གསུམ་གྱི་ཤེས་ལྡན་པའི’འདེགས་སྐྱོར་སོགས་ཀྱི་རྣམ་གྲངས་ལག་ལེན་བསྟར་ནས་ཚན་རྩལ་ཤེས་ལྡན་པས་གཞི་རིམ་དང་མང་ཚོགས་ལ་ཞབས་འདེགས་ཞུས་ནས་དངོས་ཚན་གཉེར་བའི་སེམས་ཤུགས་ཆེས་ཆེར་འཕེལ་བར་བྱས་པའི་ཁར། ‘ཡུལ་ལུགས་ཀྱི་མཁས་པར’སྣེ་ཁྲིད་དང་ཕྱུག་འགྱུར་འཇོན་ཐང་ཅན་གྱིས་ལས་གཉེར་རམ་ཡང་ན་མཉམ་ལས་ཁང་འཛུགས་རྒྱུར་སྣེ་ཁྲིད་ཐུབ་པ་བྱས་པས། མི་2000ལྷག་ཙམ་གྱིས་ལག་རྩལ་ལ་བརྟེན་ནས་མང་ཚོགས་ལས་ཞུགས་དང་ཕྱུག་འགྱུར་ལམ་དུ་འགྲོ་རྒྱུར་སྣེ་ཁྲིད་ཐུབ་ཡོད”ཅེས་བཤད།
ཤེས་ལྡན་པ་མི་འདང་བའི་ཞན་ཆ་གསབ་ནས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་བྱས་པ།
གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བའི་ངོ་བོ་ནི་ཤེས་ལྡན་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཚན་རྩལ་ཤེས་ལྡན་པ་མི་འདང་བའི་ཞན་ཆ་གསབ་པ་དང་མཉམ་ལས་སྤེལ་རེས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གསར་གཏོད་རྣམ་པའི་ཚན་རྩལ་ཤེས་ལྡན་པའི་དཔུང་ཁག་སྐྱེད་སྲིང་བྱས་པས་རང་བརྟེན་གསར་གཏོད་ཀྱི་ནུས་པ་ཆེ་རུ་སོང་ཡོད།
ལོ་མང་རིང་། ཞིང་འབྲོག་ཚན་རྩལ་ཆེད་མངགས་པ་ཞིང་ནང་དང་མུ་ཁར་བསྐྱོད་ནས་ས་གནས་ས་ཐོག་ཏུ་འགྲེལ་བཤད་རྒྱག་པ་དང་། དཔེ་སྟོན་མཛུབ་ཁྲིད་བྱེད་པ། ཐེམ་དུད་ནང་སློབ་ཚན་འཁྲིད་པ། གཅིག་སྡུད་གསོ་སྦྱོང་བྱེད་པ་སོགས་ཀྱི་རྣམ་པར་བརྟེན་ནས་ཚན་རྩལ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པར་བྱས་པས། དུས་ཐུང་ནང་ཞིང་འབྲོག་པས་སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ཞིང་ལས་འདེབས་འཛུགས་ཀྱི་ལག་རྩལ་ཁོང་དུ་ཆུད་དེ་ཞིང་ལས་རྣམ་གྲངས་ཀྱི་ལས་འགན་བསྒྲུབ་རྒྱུར་ནུས་པ་ཆེན་པོ་ཐོན་ཡོད།
2017ལོར། ལྷོ་ཁ་གྲོང་ཁྱེར་གྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་བས། གསར་གཏོད་ལ་ཚད་བརྒལ་བྱུང་བ་དང་ཚན་རྩལ་གསར་གཏོད་ཀྱི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེས་ཆེར་འཕེལ་ནས་ལྷོ་ཁའི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོའི་ངང་འཕར་རྒྱུར་ཕན་ཐོགས་བྱུང་ཡོད།