དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཀྱི་གཞུང་བཙུགས་བུ་བཅོལ་ཁང་དུ་དགའ་སྤྲོའི་ངང“དྲུག་གཅིག”བཏང་བ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2017-06-03

    “དྲུག་གཅིག”བྱིས་པའི་དུས་ཆེན་གྱི་ཉིན་དེར་ལྷ་སར་གནམ་དྭངས་ཤིང་བསིལ་པོ་ཡོད། དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་པའི་བོད་རང་སྐྱོང་ལྗོངས་ཚོད་ལྟའི་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་ཚོ་ཞོགས་པ་སྔ་པོ་ནས་ཚོན་མདོག་སྣ་ལྔའི་ལྒང་ཕུག་དང་མེ་ཏོག་ཚོམ་བུས་རབ་ཏུ་བརྒྱན་པའི་བྱིས་སྒྲུང་གླིང་དང་གཉིས་སུ་མ་མཆིས་པའི་སློབ་གྲྭར་ཡོང་ནས་ཁོང་ཚོར་དབང་བའི་དུས་ཆེན་གྱི་ཆེད་དོན་འཁྲབ་སྟོན་བྱ་རྒྱུ་སྤྲོ་སེམས་ཆེན་པོའི་ངང་སྒུག་ནས་བསྡད་ཡོད་པ་རེད།

    སྔ་དྲོའི་ཆུ་ཚོད་10དང་ཕྱེད་ཀར་ས་མཐོའི་དྲོ་འཇམ་ཉི་འོད་འོག་དེ་གར་ཡོད་པའི་གྲོགས་པོ་ཆུང་ཆུང་ཚོས་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་སྙན་ངག《རྒྱལ་གླུར་བསྟོད་པ》ཞེས་པ་གྱེར་འདོན་བྱས་པ་མ་ཟད། ཁྱིམ་བདག་དང་དགེ་རྒན་གྱི་རོགས་རམ་འོག་རྣམ་པར་བཀྲ་བའི་སྐར་ལྔའི་དར་དམར་བུ་བཅོལ་ཁང་དུ་དལ་བུར་བསྒྲེངས་པར་མིག་ཅེ་རེར་ལྟ་བཞིན་མཆིས།

    དེ་རྗེས་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་དང་། དགེ་རྒན། ཁྱིམ་བདག་བཅས་མཉམ་དུ་ཞུགས་པའི་བོད་རྒྱ་སྐད་གཉིས་ཀྱི་གླུ་གར་འཁྲབ་སྟོན་དངོས་སུ་འགོ་ཚུགས་པ་རེད།

    བོད་རང་སྐྱོང་ལྗོངས་ཚོད་ལྟའི་བུ་བཅོལ་ཁང་1986ལོར་བཙུགས་ཤིང་། དེ་ནི་བོད་དུ་བཙུགས་སྔ་ཤོས་ཀྱི་གཞུང་བཙུགས་བུ་བཅོལ་ཁང་ཞིག་རེད། ད་ཆ་བུ་བཅོལ་ཁང་ལ་དམའ་འབྲིང་མཐོ་གསུམ་གྱི་སློབ་ཁྲིད་འཛིན་གྲྭ་18ཡོད་པ་དང་ལོ་གསུམ་དང་ཕྱེད་ཀ་ནས་ལོ་དྲུག་དང་ཕྱེད་ཀའི་བར་གྱི་སློབ་ཞུགས་གོང་གི་ཕྲུ་གུ་719ཡོད་པའི་ནང་བོད་རིགས་ཕྲུ་གུས་98%བཟུང་ཡོད་པ་རེད།

    བུ་བཅོལ་ཁང་གི་འགན་འཁུར་བ་ཞུའེ་ཅུན་ལིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱི་ལོ་བཅོ་ལྔ་རིན་མེད་སློབ་གསོའི་སྲིད་ཇུས་ཀྱི་ཕན་པ་ཐོབ་པར་བརྟེན་2012ལོའི་སྟོན་ཀའི་སློབ་དུས་ནས་བཟུང་། ཚོད་ལྟའི་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་རྣམས་ལ་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་གཞན་གྱི་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་ཚོ་དང་འདྲ་བར་སློབ་ཞུགས་གོང་གི་སློབ་གསོ་རིན་མེད་ངང་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།

    གྲོགས་པོ་ཆུང་ཆུང་ཚོ་ལྟད་མོ་བལྟས་ནས་སྡོད་སར་བསྡད་པའི་འཛིན་གྲྭ་དམའ་བ་བཞི་པའི་ཀྲུའུ་རེན་དགེ་རྒན་ཟླ་སྒྲོན་གྱིས་ཕྱོགས་གཅིག་ནས་འཛིན་གྲྭའི་ནང་གི་ཕྲུ་གུ་ཆུང་ཤོས་ཚོར་ལྟ་རྟོག་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ཕྲུ་གུ་བུ་འཚུབ་གཏེ་ཞིག་ལ་ཁ་ལྟ་བསླབ་བྱ་བྱེད་རྒྱུར་བྲེལ་བཞིན་ཡོད། “རང་ཉིད་སློབ་གྲྭ་དེར་དགེ་རྒན་བྱས་ནས་ལོ་25ཕྱིན་སོང་། འགྱུར་ལྡོག་ཆེ་ཤོས་ནི་སྔོན་ཆད་ཁྱིམ་བདག་ཚོས་སྲོལ་རྒྱུན་གྱི་རྣམ་པའི་ཐོག་ནས་ཕྲུ་གུ་ཚོར་སློབ་སྦྱོང་བྱ་རྒྱུ་ཁོ་ནར་རེ་བ་འདོན་གྱི་ཡོད། ད་ཆ་ཕྲུ་གུ་ཚོར་རང་དབང་ཁོར་ཡུག་ཅིག་སྤྲད་ནས་ཁོང་ཚོ་སྤྲོ་སྣང་ལྡན་ལ་བདེ་ཐང་ངང་འཚར་ལོངས་ཡོང་ཐབས་བྱེད་པ་དེ་རེད། དེ་ནི་བོད་ལྗོངས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཁྱིམ་བདག་ཚོའི་ཕྲུ་གུར་སློབ་གསོ་གཏོང་བའི་འདུ་ཤེས་ལའང་འགྱུར་ལྡོག་བྱུང་བ་དེ་རེད”ཅེས་ཟླ་སྒྲོན་གྱིས་བཤད།

    གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། 2016ལོར་བོད་རང་སྐྱོང་ལྗོངས་ཀྱིས་སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་གཏོང་བའི་ལས་དོན་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར་10.9བཏང་ནས་སྐད་གཉིས་བུ་བཅོལ་ཁང་458གསར་སྐྲུན་དང་། བསྐྱར་སྐྲུན། རྒྱས་སྐྲུན་བཅས་བྱས་ཤིང་། 2016ལོའི་ལོ་མཇུག་བར་བོད་དུ་བུ་བཅོལ་ཁང་1028དང་བུ་བཅོལ་ཁང་དུ་ཡོད་མུས་ཀྱི་ཕྲུ་གུ་96777ཡོད་པ་དང་། སློབ་ཞུགས་གོང་གི་སློབ་གསོའི་ན་འདྲེས་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད་2010ལོའི་24.5%ནས་ད་ཆའི་66.2%བར་མཐོ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།