དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གོང་དཀར་རྫོང་སློབ་འབྲིང་གི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་མཐོང་ཐོས་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-20

    ཟླ་5ཚེས་15ཉིན་གྱི་སྔ་དྲོའི་ཆུ་ཚོད་10པ་ཙམ་ལ་གོང་དཀར་རྫོང་སློབ་འབྲིང་གི་ཐང་ཆེན་དུ་བྱེད་སྒོ་འདི་འདྲ་ཞིག་སྤེལ་བཞིན་འདུག

    “ལོངས་ཤོག བྲན་གཡོག་བྱེད་མི་འདོད་མཁན་ཚོ”ཞེས་པའི་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་སློབ་གྲྭ་དེ་ཡོངས་ཀྱི་སློབ་མ་698ཀྱིས་རྒྱལ་དར་སྒྲེང་བའི་མཛད་སྒོ་རྔམ་བརྗིད་ངང་འཚོག་བཞིན་ཡོད།

    “སེམས་ནང་བཅངས་པའི་འགན་འཁྲི་ལས་བརྩེ་བའི་སེམས་པ་ནམ་ཡང་གནས་པ་དང་། བརྩེ་བ་དང་དྲིན་ཚོར་ནི་འཇིག་རྟེན་ཐོག་གི་འགྱུར་མེད་ཀྱི་བརྗོད་གཞི་ཞིག་ལགས། ལྷན་རྒྱས་སྐུ་ཁམས་བཟང་། ངའི་གཏམ་བཤད་ཀྱི་ཁ་བྱང་ནི《འགན་འཁྲི་དང་། གཅེས་སེམས། དྲིན་ཚོར》ཞེས་པ་འདི་ཡིན”ཞེས་རྒྱལ་དར་སྒྲེང་བའི་མཛད་སྒོ་མཇུག་འགྲིལ་རྗེས་དམའ་རིམ་ལོ་རིམ་གཉིས་པའི་སློབ་ཕྲུག་གི་འཐུས་མི་ཀུན་བཟང་བདེ་ཆེན་གྱིས་རང་ཉིད་ཀྱི་གཏམ་བཤད་སྤེལ་འགོ་བརྩམས།

    “ན་ནིང་ཨ་ནེར་ན་ཚ་ཆེན་པོ་ཞིག་ཕོག་ནས་སྨན་རིན་ཁྲི་ཁ་ཤས་སོང་ཡང་། སྨན་ཁང་ནས་དོན་རྗེས་གྲོང་གསེབ་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པར་བརྟེན་ནས་སྨན་རིན་མང་ཆེ་བ་རྩིས་ཞུ་ཐུབ་སྟབས་ཁོང་གི་ཁྱིམ་ནས་སྨན་རིན་ཉུང་ཉུང་ལས་གཏོང་དགོས་བྱུང་མེད། ད་ཆ་ང་སློབ་ཆེན་འགྲིམ་པར་སློབ་ཡོན་སྤྲོད་མི་དགོས་ལ། བཟའ་སྡོད་ཀྱི་འགྲོ་སོང་ཚང་མ་རྒྱལ་ཁབ་ནས་གནང་གི་ཡོད་པས་ངས་སེམས་གཏིང་ནས་ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”

    ཚིག་ཉུང་ལ་བབ་ཆགས་པའི་སྐད་ཆ་ལས་ཟོལ་ལྷད་མེད་པའི་མྱོང་བ་ཞིག་མངོན་པ་དེས་དེ་གའི་དགེ་སློབ་རྣམས་ལ་ཚོར་བ་ཟབ་མོ་ཞིག་བྱུང་ནས་དེར་མོས་པ་མི་བྱེད་མཁན་གཅིག་ཀྱང་མེད། སློབ་སྤྱི་བསོད་ནམས་ནོར་བུས་1973ལོར་སློབ་གྲྭ་བཙུགས་པ་ནས་བཟུང་གོང་དཀར་རྫོང་སློབ་འབྲིང་གིས་གཟའ་འཁོར་གཉིས་རྗེས་ཀྱི་གཟའ་ཟླ་བར“རྒྱལ་དར་འོག་སྒྲོག་འགྲེལ”གྱི་བྱེད་སྒོ་སྤེལ་བ་དང་ནང་དོན་སློབ་སྦྱོང་དང་། འཚོ་བ། སྤྱོད་ཚུལ། རྒྱལ་གཅེས་སོགས་མང་པོ་དང་འབྲེལ་བ་ཡོད་པ་དེ་དག་དགེ་རྒན་དང་སློབ་ཕྲུག་གི་འཐུས་མིས་རེས་མོས་ངང་སྒྲོག་འགྲེལ་བྱེད་ཀྱི་ཡོད། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་འགོ་བཙུགས་ཚུན་སློབ་གྲྭས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་ཐེངས་12བྱས་ཡོད།

    ཐང་ཆེན་སྟེང་སློབ་ཕྱིའི་བྱེད་སྒོ་སྤེལ་བཞིན་པའི་དབྱངས་ཅན་སྒྲོལ་དཀར་ལ་གསར་འགོད་པས་བཅར་འདྲི་བྱས་པ་ཡིན། ཁོང་གིས“ཀུན་བཟང་བདེ་ཆེན་གྱིས་སྒྲོག་འགྲེལ་བྱས་པ་དེ་ང་ཚོ་སློབ་ཕྲུག་གི་དོན་དངོས་དང་འབྲེལ་བ་ཡོད་ལ་ལྷག་དོན་དུ་ཏང་གི་བཀའ་དྲིན་ཚོར་བའི་གཏམ་རྒྱུད་ཐུང་ངུ་ང་ཚོའི་འགྲམ་དུ་ཐོན་བཞིན་ཡོད་པར་བརྟེན་ཕྲན་ལ་བློ་སྐྱེད་ཆེན་པོ་བྱུང་། ངས་གཟུགས་པོར་སྦྱོང་བརྡར་སྤྲས་ཏེ་ཏང་གི་སློབ་མ་བཟང་པོ་ཞིག་དང་སླད་ཕྱིན་ཏང་གི་སྤྱི་འབངས་ཡག་པོ་ཞིག་བྱ་རྒྱུ་ཡིན། སློབ་ཚན་གྲོལ་རྗེས་ང་ཚོའི་འཛིན་གྲྭར‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’བརྗོད་དོན་གཙོ་བོའི་སློབ་གསོའི་འཛིན་ཚོགས་འཚོག་རྒྱུ་ཡིན་པས། ཁྱེད་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན”ཞེས་དགའ་སྤྲོའི་ངང་གསར་འགོད་པར་བཤད་བྱུང་།

    དབྱངས་ཅན་སྒྲོལ་དཀར་གྱིས་གདན་ཞུ་བྱས་པ་བཞིན་གསར་འགོད་པ་ལོ་རིམ་བརྒྱད་པའི་འཛིན་གྲྭ་གཉིས་པའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོའི་འཛིན་ཚོགས་ལ་ཞུགས་པ་ཡིན། བོད་རྒྱ་སྐད་རིགས་གཉིས་ཐོག་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་ནང་དོན་ལ་འགྲེལ་པ་བརྒྱབ་རྗེས་འཛིན་བདག་བཀྲ་ཤིས་ནོར་བུས་རི་མོའི་ལམ་ནས་འཛིན་ཚོགས་ཀྱི་བརྗོད་གཞི“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད”ཅེས་པ་འགོ་བཙུགས་པ་རེད།

    “སློབ་ཕྲུག་ཚོ། ཁྱེད་ཚོས་རྒན་རབས་ཀྱིས་བོད་རྙིང་པའི་གཏམ་རྒྱུད་བཤད་པ་ཉན་མྱོང་ཡོད་ཤག་རེད། བོད་རྙིང་པ་ཞེས་པ་གང་འདྲ་ཞིག་རེད”

    “མུན་ནག”དང་། “གདུག་རྩུབ་ལྡན་པ”“ཞིང་བྲན”ཡོད་པ་སོགས་རེད།

    “བོད་གསར་པ་ནི་གང་འདྲ་ཞིག་རེད”

    “བདེ་སྐྱིད་ལྡན་པ”དང་། “ཡིད་དུ་འོང་བ”“འགན་ལེན་གསུམ”སོགས་ཡོད་པ་ཞིག་རེད།

    འདི་ལྟར་དྲི་བ་འདོན་ཐེངས་རེར་ལན་མང་པོ་བཏབ་ཅིང་། བཀྲ་ཤིས་ནོར་བུས་སློབ་མ་རྣམས་ལ“འགན་ལེན་གསུམ”གྱི་སྲིད་ཇུས་ལས་བྱུང་བའི་ཕན་པའི་སྐོར་ནས་བཤད་དེ་ཚོགས་ཆུང་བགྲོ་གླེང་གི་འགོ་ཚུགས།

    “ལྟོ་ཆས་ལ་རིན་པ་སྤྲོད་དགོས་ཀྱི་མེད། ཁ་ལག་མ་བཟས་གོང་འོ་མ་འཐུང་རྒྱུ་ཡོད་པ་ལའང་རིན་པ་སྤྲོད་དགོས་ཀྱི་མེད”ཅེས་ཚོགས་ཆུང་གི་ཙུའུ་ཀྲང་དབྱངས་ཅན་སྒྲོལ་དཀར་གྱིས་གཏམ་གྱི་འགོ་དེ་ལྟར་བཙུགས།

    “སློབ་གོས་ནི་རྒྱལ་ཁབ་ནས་སྤྲད་པ་རེད་ལ། མལ་ཆས་དང་འཁྲུད་ཆས་དག་ཀྱང་རིན་པ་མི་དགོས་པར་སྤྲད་པ་རེད”ཅེས་མཚམས་སྒྲོལ་དཀར་གྱིས་གཞན་གྱི་སྐད་ཆར་མཐུད་ནས་བཤད།

    “ད་དུང་རྒྱལ་ཁབ་ཀྱིས་ང་ཚོའི་སློབ་ཡོན་དང་ཉལ་ཁང་གི་རིན་པ་སོགས་རྩ་ཆག་བཏང་ཡོད”ཅེས་ཚོགས་མི་གཞན་ཚོས་གཅིག་མཇུག་གཉིས་མཐུད་ངང་བཤད་ནས“འགན་ལེན་གསུམ”གྱི་སྲིད་ཇུས་ཀྱི་ཕན་པའི་སྐོར་ལྷུག་པོར་གླེང་།

    “སློབ་ཕྲུག་ཚོ། ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་གང་འདྲ་བྱས་ནས་ཡོང་བ་ཡིན་ཞེ་ན། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་བཅིངས་འགྲོལ་དམག་གི་དབུ་ཁྲིད་ནས་བོད་ཞི་བས་བཅིངས་འགྲོལ་བཏང་སྟེ། ང་ཚོ་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྒེར་གཅོད་ནས་དམངས་གཙོ། བཀག་སྡོམ་ནས་སྒོ་འབྱེད་བཅས་ཀྱི་ཕྱོགས་སུ་བསྐྱོད་དེ་གཞི་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ད་ཆའི་འཚོ་བ་འདི་བྱུང་ཡོད”ཅེས་བཀྲ་ཤིས་ནོར་བུས་བཤད།

    དེའི་ཚེ། ཕྲུ་གུ་ཚོའི་ཐལ་མོའི་རྡེབ་སྒྲ་རྒྱུན་མི་ཆད་པར་བསྒྲགས། ས་འོག་ནས་ས་སྟེང་དང་། མུན་ནག་ནས་འོད་ཟེར། བཀས་བཀོད་ནས་རང་དབང་བར་འགྱུར་ལྡོག་བྱུང་བས། སེམས་གཏིང་ནས་ཏང་གི་བཀའ་དྲིན་དང་ད་ཆའི་བདེ་སྐྱིད་ཀྱི་འཚོ་བར་གཅེས་སྤྲས་བྱེད་པའི་བསམ་བློ་མི་འཁོར་མཁན་སུའང་མེད།

    སློབ་ཕྲུག་ཚོས་ལྷད་མེད་ཀྱི་འཛུམ་མདངས་དང་བབ་ཆགས་པའི་སྐད་བརྡའི་ཐོག་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིར”བཅངས་པའི་ངོས་འཛིན་དང་མྱོང་ཚོར་བརྗོད་དེ“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་པའི”བསམ་བློ་ཕྲུ་གུ་ཚོའི་སེམས་སུ་ཟབ་མོ་ཟུགས་ནས་གོམ་སྟབས་རྗེས་མར་ཏང་གི་བཀའ་དྲིན་སེམས་ལ་བཅངས་ནས་སློབ་སྦྱོང་ལ་འབད་པ་བྱས་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་ཕྱིར་རིག་པ་བསྒྲིམ་རྒྱུ་མ་ཟད། རེ་བའི་མྱུ་གུ་སྔོན་མོ་དག་སྦྲང་ཆར་ཟིམ་བུས་བརླན་ནས་རྣམ་པར་བཀྲ་བའི་མེ་ཏོག་བཞད་པ་དང་འབྲས་བུ་གདག་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།